༉ འབྲུག་གི་ ཕྱི་ཁའི་གྲོགས་རམ་མ་དངུལ་དེ་ སྤྱི་ལོ་༢༠༢༣ ལུ་ གོང་འཕེལ་ཉུང་སུ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ མཐར་འཁྱོལ་བྱུང་བའི་ཤུལ་ལུ་ མར་བབས་སོང་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་དང་འཁྲིལཝ་ད་ རྩིས་ལོ་༢༠༢༣-༢༤ ལུ་ ཕྱི་ཁའི་གྲོགས་རམ་མ་དངུལ་དེ་ དངུལ་ཀྲམ་ཐེར་འབུམ་༡༠.༦༢ མར་བབས་སོང་ཡོདཔ་ད་ དེ་ཡང་ འདས་པའི་རྩིས་ལོ་དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༣.༧༤ དང་ ཡང་ཅིན་ བརྒྱ་ཆ་༢༦ མར་བབས་སོང་ཡོདཔ་ཨིན་པས།
རྩིས་ལོ་༢༠༢༢-༢༣ དང་ རྩིས་ལོ་༢༠༢༡-༢༢ དེ་ལས་ རྩིས་ལོ་༢༠༢༠-༢༡ ལུ་ རྒྱལ་ཁབ་ནང་ དངུལ་ཀྲམ་ཐེར་འབུམ་༡༤.༣༦ དང་ དངུལ་ཀྲམ་ཐེར་འབུམ་༡༣.༥༨ དེ་ལས་ དངུལ་ཀྲམ་ཐེར་འབུམ་༡༤.༨༨ གྲོགས་རམ་རིམ་བཞིན་འོང་ཡོདཔ་ཨིན་པས།
གྲོགས་རམ་མ་དངུལ་ཚུ་ཡང་ གོང་འཕེལ་མཉམ་རོགས་ཚུ་ལས་ ལས་འགུལ་ཐོག་གི་གྲོགས་རམ་དང་ ལས་རིམ་གྲོགས་རམ་ཐོག་ལས་ འོང་ཡོདཔ་ཨིན་པས།
ཕྱི་ཁའི་གྲོགས་རམ་སྦོམ་ཤོས་དེ་ར་ རྒྱ་གར་གཞུང་ལས་ཨིནམ་ད་ དེ་ཡང་ ལས་འགུལ་ཐོག་གི་གྲོགས་རམ་དང་ གོང་འཕེལ་ལས་འགུལ་ཆུང་བ་ཚུ་ཨིནམ་ད་ དེ་གི་ཤུལ་ལས་ར་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་དང་ ཡུ་རོ་པི་ཡན་ ཡུ་ནི་འོན་ འཛམ་གླིང་དངུལ་ཁང་ཚུ་ཨིན་པས།
མཁས་མཆོག་ཚུ་དང་འཁྲིལཝ་ད་ གོང་འཕེལ་ཉུང་སུ་ཅིག་ལས་མ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ མཐར་འཁྱོལ་བྱུངམ་ད་ ཕྱི་ཁའི་དམིགས་བསལ་གྲོགས་རམ་ཚུ་ འཐོབ་ནིའི་གོ་སྐབས་ ཉུང་སུ་འགྱོཝ་ཨིན་ཟེར་ཨིན་པས།
རྩིས་ལོ་༢༠༢༢-༢༣ དང་ཕྱདཔ་ད་ རྒྱ་གར་ལས་ ལས་འགུལ་གྱི་གྲོགས་རམ་དང་ གོང་འཕེལ་ལས་འགུལ་ཆུང་བའི་ གྲོགས་རམ་ཚུ་ དངུལ་ཀྲམ་ཐེར་འབུམ་༨.༤༢ ལས་ དངུལ་ཀྲམ་ཐེར་འབུམ་༦.༧༧ ལུ་ མར་བབས་སོང་ཡོདཔ་ཨིན་པས།
འདི་དང་གཅིག་ཁར་ སྣ་མང་ལས་སྡེའི་ གྲོགས་རམ་དེ་ཡང་ རྩིས་ལོ་༢༠༢༣-༢༤ ལུ་ དངུལ་ཀྲམ་ཐེར་འབུམ་༣.༨༤ ལས་ རྩིས་ལོ་༢༠༢༢-༢༣ ལུ་ དངུལ་ཀྲམ་ཐེར་འབུམ་༣.༣༤ ལུ་ མར་བབས་སོང་ཡོདཔ་ཨིན་པས།
ཨིན་རུང་ དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་༢༠༢༤-༢༥ འི་དོན་ལུ་ ཕྱིའི་གྲོགས་རམ་མ་དངུལ་དེ་ དངུལ་ཀྲམ་ཐེར་འབུམ་༡༦.༢༨ སྔོན་རྩིས་བཏོན་ཡོདཔ་ཨིན་པས།
རྩིས་ལོ་༢༠༢༤-༢༥ འི་ སྤྱི་ཟླ་༩ པའི་ཚེས་༣༠དང་འཁྲིལཝ་ད་ གྲོགས་རམ་ཡོངས་བསྡོམས་ལས་ དངུལ་ཀྲམ་ཐེར་འབུམ་༡.༤༨ ཐོབ་ཡོདཔ་ཨིན་པས།
གྲོགས་རམ་ཡོངས་བསྡོམས་ལས་ དངུལ་ཀྲམ་ས་ཡ་༧༨༩.༠༡ རྒྱ་གར་གཞུང་ལས་ ཐོབ་ཡོདཔ་ད་ གཞན་གོང་འཕེལ་མཉམ་རོགས་ཚུ་ལས་ དངུལ་ཀྲམ་ས་ཡ་༦༨.༧༩ ཐོབ་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ སྙན་ཞུ་དང་འཁྲིལཝ་ད་ ད་ལྟོའི་ རྩིས་ཁྲ་ཡར་དྲག་གཏང་ནི་དང་ མ་དངུལ་དང་ དངུལ་འབྲེལ་རྩིས་ཁྲ་ཡར་དྲག་གཏང་ནི་གིས་ རྒྱལ་སྤྱིའི་མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༧༨༣ ལུ་ ལྷོད་ཚུགས་པའི་རེ་བ་ཡོདཔ་ད་ རྩིས་ལོ་༢༠༢༤-༢༥ མཇུག་བསྡུ་ཁམས་ལུ་ དངུལ་ཀྲམ་ས་ཡ་༧༨༣ དེ་ཅིག་ ཡར་སེང་འགྱོ་ནི་ཨིནམ་ལས་ དུས་ཡུན་གལ་གནད་ཅན་དེ་ནང་ ཟླཝ་༢༠གི་རིང་ལུ་ ཁག་ཆེ་བའི་ ནང་འདྲེན་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
དེ་ལས་ དུས་ཡུན་ཐུང་ཀུ་ཅིག་ནང་ གསོག་འཇོག་གི་གནས་ཚད་དེ་ ཡར་དྲག་འགྱོ་ནི་གི་ རེ་བ་ཡོདཔ་ཨིན་པས།
རྒྱལ་སྤྱིའི་མ་དངུལ་མ་ལང་པའི་ བསྡུ་བསྒྱོམ་ཡར་སེང་འགྱོ་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ བསྡུ་བསྒྱོམ་ཡར་སེང་འགྱོ་མི་དེ་ ལཱ་གི་གྲུབ་འབྲས་ཡར་དྲག་གཏང་ནིའི་དོན་ལུ་མེན་པར་ འབྲུག་གི་དཔལ་འབྱོར་ལུ་ གནོད་སྐྱོན་རྐྱབ་མི་ བཟོ་བཀོད་ཀྱི་ གནད་དོན་གཙོ་བོ་ཅིག་ཨིན་མི་ སྐྱིན་འགྲུལ་དང་ གནང་བྱིན་ཚུ་ལུ་བརྟེན་ཨིནམ་སྦེ་ གསལ་སྟོན་འབད་དགོ་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།