༉ གྲོང་གསེབ་ཀྱི་ སློབ་དཔོན་ཚུ་གིས་ ལཱ་ལེ་ཤ་འབད་ཐོན་དོ་ཡོད་མི་ལུ་བརྟེན་ ཁྲོམ་སྡེའི་ སློབ་གྲྭ་ཚུ་ནང་ གནས་སོར་གྱི་ ཞུ་བ་འབད་མི་དེ་ ཡར་འཕར་སོང་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ སློབ་དཔོན་དང་ ལས་བྱེདཔ་མ་ལང་པའི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
ལཱ་ལེ་ཤ་དང་ མཐུན་རྐྱེན་ལངམ་མེད་མི་ དེ་ལས་ ལས་བྱེད་པའི་ དཀའ་ངལ་ཚུ་ལུ་བརྟེན་ སློབ་དཔོན་ཚུ་གིས་ སླབ་མིའི་ནང་ གནས་སྟངས་ཀྱིས་ ཁོང་རའི་ཁྱད་རིག་གིས་མ་ཚད་ སེམས་ཁམས་དང་ ཞི་བདེ་དེ་ལུ་ཡང་ ཐོ་ཕོགཔ་མས་ཟེར་ཨིན་པས།
དེ་འབདཝ་ལས་ སློབ་དཔོན་མང་ཤོས་ཅིག་གིས་ གནས་སྟངས་ལེགས་ཤོམ་ཡོད་མི་ ཁྲོམ་སྡེའི་སློབ་གྲྭ་ སྤ་རོ་དང་ ཐིམ་ཕག་ལུ་ གནས་སོར་འོང་ནི་གི་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
རྫོང་ཁག་ཤེས་རིག་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སློབ་དཔོན་གནས་སོར་འགྱོ་མི་ཚུ་གི་ ཚབ་བཙུགས་ཀྱི་ དགོས་མཁོ་གྲུབ་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ཟེར་ཨིན་པས།
ལས་བྱེདཔ་མ་ལང་པའི་ དཀང་ངལ་ལུ་བརྟེན་ ཁག་འབག་སློབ་དཔོན་ཚུ་ བཙུགས་དགོཔ་བྱུང་དོ་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ལུ་ སྦྱོང་བརྡར་ལེགས་ཤོམ་མེདཔ་ལས་ སློབ་གྲྭ་དེ་ཚུའི་ནང་ ཤེས་རིག་སྤུས་ཚད་ཀྱི་ ཚ་གྱང་དང་འབྲེལ་བའི་ དྲི་བ་ཚུ་ བཀོད་དོ་ཡོདཔ་ཨིན་པས།
དམིགས་བསལ་ལུ་ གྲོང་གསེབ་ཀྱི་ སློབ་གྲྭ་ཚུ་ནང་ མ་འདྲཝ་སྦེ་ཡོདཔ་ད་ དེ་ཡང་ ཁག་འབག་སློབ་དཔོན་ཚུ་ཡང་ འཕྲལ་འཕྲལ་ར་ གསར་བཙུགས་འབད་དོ་ཡོདཔ་ད་ ང་བཅས་ཀྱིས་ སློབ་དཔོན་ཚབ་ཚུ་ཡང་ རེ་གཉིས་མ་གཏོགས་ མི་ཐོབ་དོ་ཡོདཔ་ལས་ མང་ཤོས་ར་ ས་སྟོང་སྦེ་ བཞག་དགོཔ་བྱུངམ་མས་ཟེར་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ན་ཧིང་ བཀྲིས་སྒང་ལས་ ཐིམ་ཕུག་ལུ་ གནས་སོར་འོང་མི་ སློབ་དཔོན་ཅིག་གིས་ གྲོང་གསེབ་དང་ ཁྲོམ་སྡེའི་ལཱ་གི་ གནས་སྟངས་ཀྱི་ཁྱད་པར་སྐོར་ལས་ བཤད་ཡོདཔ་ད་ ཁོ་ར་ ཤར་ཕྱོགས་རྫོང་ཁག་ནང་ དུས་ཡུན་རིངམོ་སྦེ་ ཕྱག་ཞུ་ཡོདཔ་ལས་ ཨ་ལོ་ཚུ་ལུ་ ལྷབ་སྦྱང་གི་གནས་སྟངས་དང་ ཁྲོམ་སྡེའི་ཉམས་མྱོང་ ལེགས་ཤོམ་འཐོབ་ནིའི་དོན་ལུ་ འོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གྲོང་གསེབ་ནང་ འགན་ཁུར་ལྕི་དྲགས་ཡོདཔ་ད་ ཁྲོམ་སྡེ་ནང་འབད་བ་ཅིན་ ལཱ་མངམ་མེད་པའི་ཁར་ ཁྱད་རིག་གོང་འཕེལ་གཏང་ནིའི་དོན་ལུ་ གོ་སྐབས་ཡང་ ལེ་ཤ་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ཐིམ་ཕུག་ལུ་ ལྷོད་ཞིནམ་ལས་ ཞལ་འཛོམས་དང་ ལས་རིམ་ལེ་ཤ་ཅིག་ནང་ གྲལ་གཏོགས་འབད་ནིའི་ གོ་སྐབས་ཚུ་ཐོབ་ཡོདཔ་ད་ ཧེ་མ་ ཤར་ཕྱོགས་ལུ་ དུས་ཡུན་རིངམོ་སྦེ་ ཕྱག་ཞུ་ཡོད་རུང་ དེ་བཟུམ་མའི་ གོ་སྐབས་ཚུ་ ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
གྲོང་གསེབ་ནང་ གཞི་རྟེན་མཐུན་རྐྱེན་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ཡོདཔ་ད་ སློབ་གྲྭའི་ཆུང་བའི་དབུ་འཛིན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་སྟངས་སྐྱོ་དྲགས་ཡོདཔ་བཞིན་དུ་ ཁོ་གི་སློབ་གྲྭ་ནང་ གཞུང་ཁྱིམ་གྱི་ མཐུན་རྐྱེན་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་དཔོན་གསརཔ་ཚུ་ སློབ་གྲྭ་དེ་ནང་ བགོ་བཀྲམ་འབད་བའི་སྐབས་ ཁོང་ཆ་ཁྱབ་ཀྱིས་ གཞི་རྟེན་མཐུན་རྐྱེན་ཚུ་ འོང་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ མཐུན་རྐྱེན་དེ་ཚུ་མེད་པའི་སྐབས་ སློབ་དཔོན་ཚུ་ དགོངས་ཞུ་མ་འབད་བར་ བཞག་ནི་ལས་ བཀག་མི་ཚུགས་པས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཁག་འབག་སློབ་དཔོན་༢ གནས་སྐབས་ཀྱི་ སྦ་སྒོར་ཅིག་ནང་ ཉལ་ཁྱིམ་དང་ ཐབ་ཚང་ག་ར་ བསྡོམས་ཏེ་ ཁང་མིག་གཅིག་ནང་ སྡོད་དགོཔ་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སློབ་གྲྭ་ལ་ལོ་ཅིག་ མཐའ་ཟུར་ལུ་ཡོདཔ་ལས་ སློབ་དཔོན་ཚུ་ རྐང་སྟོང་སྦེ་ འགྱོ་དགོཔ་བྱུང་ཡོདཔ་མ་ཚད་ གཞི་རྟེན་མཐུན་རྐྱེན་ གསོ་བའི་ཞབས་ཏོག་ཚུ་མེདཔ་ལས་ དཀའ་ངལ་དེ་ ཧེང་སྐལ་ར་ བྱུང་དོ་ཡོདཔ་ཨིན་པས།
བསམ་རྩེ་སློབ་དཔོན་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ གྲོས་འཛོམས་ཡོད་པ་ཅིན་ སྣུམ་འཁོར་ཡོད་མི་ཚུ་རྐྱངམ་གཅིག་ གོ་སྐབས་ཐོབ་མི་དེ་ཡང་ སྣུམ་འཁོར་མེད་མི་ཚུ་ སྣུམ་འཁོར་གླ་ཁར་ལེན་དགོཔ་ལས་ ཟད་འགྲོ་ལྕི་དྲགས་གནསཔ་མས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ སློབ་དཔོན་ཚུ་ལུ་ དཀའ་སྡུག་གི་ འཐུས་ཐོབ་མི་ཚུ་ མེདཔ་བཟོ་མི་དེ་གིས་ཡང་ ལྷག་པར་དུ་ དབུགས་འགམ་བྱུང་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་ལས་ ས་གནས་གཞུང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མ་གཞི་ དཀའ་སྡུག་གི་འཐུས་ ཉུང་སུ་ཅིག་ལས་བརྒལ་མེད་རུང་ སེམས་ཤུགས་ཐོབ་ཡོདཔ་ད་ ད་རེས་ འཐུས་མེདཔ་བཟོ་མི་དེ་གིས་ གནས་སྟངས་དེ་ ཧེང་སྐལ་ར་ སྐྱོ་དྲགས་ཐལ་འོང་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement