ཚེ་རིང་དབང་འདུས།
༉ འབྲུག་གི་མཐའ་ཟུར་གཡུས་ཚན་ནང་ ཨམ་སྲུ་ཚུ་གིས་ འགན་ཁུར་འབག་དོ་ཡོད་མི་དེ་ ཧཱ་ལུ་ གྲོང་གསེབ་མགྱོན་སྐྱོང་ཁང་གི་ ཚོང་འབྲེལ་དེ་ ལོག་བསྐྱར་གསོ་འབད་མི་ལུ་བརྟེན་ཨིན་པས།
ཧཱ་གྲོང་གསེབ་མགྱོན་སྐྱོང་ཁང་གི་ཇོ་བདག་ སྐྱེས་ལོ་༥༥ ལང་མི་ འཆི་མེད་ལྷམོ་གིས་ མོ་རའི་ཚོང་འབྲེལ་དེ་ འགོ་བཙུགས་ཞིནམ་ལས་ཚུར་ མི་ཚེའི་གནས་སྟངས་ སྒྱུར་བཅོས་སོང་ཡོད་པའི་ དྲན་ཚོར་འབད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ཨ་ལོ་༢ ཀྱི་ཨའི་ འཆི་མེད་ཀྱིས་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་དང་ ལྟ་བཤལ་ལས་ཁུངས་ལས་ གྲོགས་རམ་ལེན་ཐོག་ལས་ གྲོང་གསེབ་མགྲོན་སྐྱོང་ཁང་གི་ ལཱ་འགོ་བཙུགས་ཡོདཔ་ཨིན་པས།
རྒྱབ་སྐྱོར་གནང་མི་ལུ་བརྟེན་ འཆི་མེད་ཀྱི་ མི་ཚེའི་གནས་སྟངས་དེ་ཡང་ ལེགས་གྱུར་སོང་ཡོདཔ་ཨིན་པས།
འགོ་ཐོག་གི་སྐབས་ལུ་ འཆི་མེད་མོ་ར་ དོགས་པ་ཟ་དགོ་མི་དེ་ཡང་ ཚོང་ལཱ་དེ་གསརཔ་ཨིན་པའི་གུ་ འཛིན་སྐྱོང་འབད་ནིའི་དོན་ལུ་ ཐོན་ཁུངས་ཚད་ཅིག་ལས་བརྒལ་ མེད་ནི་དེ་གིས་ཨིན་རུང་ གྲོང་གསེབ་མགྲོན་སྐྱོང་ཁང་ འགོ་མ་བཙུགས་པའི་ཧེ་མར་ མོ་གིས་ མོ་རའི་རང་ལུགས་ཀྱི་ ཁྱིམ་ཐོག་ཚད་༢ འབད་མི་ནང་ སྣ་ཚོགས་ཚོང་ཁང་ཅིག་ བཙུགས་ཡོདཔ་ཨིན་པས།
འཆི་མེད་ཀྱིས་ བཤད་མིའི་ནང་ གྲོང་གསེབ་མགྲོན་སྐྱོང་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ གཞི་རྟེན་གྱི་ འགན་ཁུར་དེ་ ཁྱིམ་ཕྱགས་བདར་རྐྱབ་ནི་ ཉལ་ཁང་བཟོ་ནི་ བཞེས་སྒོ་འབད་ནི་ལ་སོགས་པའི་ མཐུན་རྐྱེན་ཚུ་ མགྱོནམོ་ཚུ་གི་དོན་ལུ་ ཚང་དགོཔ་འདུག་ཟེར་ཨིན་པས།
འཆི་མེད་ཀྱིས་ ཁྱིམ་ཐོག་དང་པ་དེ་ མགྲོན་སྐྱོང་ཁང་བཟོ་ཞིནམ་ལས་ ཐོག་གཉིས་པའི་ནང་ ཐབ་ཚང་དང་ མཆོད་གཤམ་ དེ་ལས་ ཉལ་ཁང་ཚུ་ བཟོ་ཡོདཔ་ཨིན་པས།
མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ འདི་བཟུམ་གྱི་ ཚོང་བྲེལ་འགོ་བཙུགས་པའི་སྐབས་ལུ་ ཁང་མིག་གཉིས་ལས་བརྒལ་མེད་མི་གིས་ མགྱོནམོ་གསུམ་གྱི་དོན་ལུ་ བཏུབ་དོ་ཡོད་རུང་ ལམ་སྟོན་པ་དང་ དེད་གཡོག་པའི་ སྡོད་ས་མེད་མི་གིས་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཁོང་གིས་ ལྟ་བཤལ་ལས་ཁུངས་ལུ་ ཁང་མིག་ཐེབས་དགོ་པའི་ ཞུ་བ་འབད་དེ་ ད་རེས་ནངས་པར་ ཁང་མིག་ བཞི་ཆོགཔ་སྦེ་ ཡོད་ཟེར་ཨིན་པས།
མོ་གིས་ ཁང་མིག་གསརཔ་དང་ དེང་སང་གི་མཐུན་རྐྱེན་ དེ་གུ་ལུ་ རྒྱ་གར་གྱི་ ལུགས་སྲོལ་འབད་མི་ གསང་སྤྱོད་ལས་འགོ་བཙུགས་ ནུབ་ཕྱོགས་ཀྱི་ བཟོ་བཀོད་ཐོག་ལུ་ མཐུན་རྐྱེན་བྱིན་མི་གིས་ ད་ལྟོ་ མོ་གི་མགྲོན་སྐྱོང་ཁང་དེ་ གོ་སྐབས་དང་པའི་ གྲངས་སུ་ཡོད་ཟེར་ཨིན་པས།
འཆི་མེད་ཀྱི་མགྱོན་ཁྱིམ་ནང་ ཚ་དྲོད་དང་ལྡནམ་སྦེ་ཡོད་པའི་ཁར་ རང་སོའི་ཉམས་མྱོང་དང་བསྟུན་པའི་ འབྲུག་གི་ལམ་སྲོལ་གྱི་ རེ་བ་ཚུ་བསྐང་ཚུགས་དོ་ཡོདཔ་ཨིན་པས།
འཆི་མེད་ཀྱིས་ མོ་རའི་ཚོད་བསྲེ་ལྡུམ་ར་ནང་ལས་ ཚོད་བསྲེ་གསརཔ་ཚུ་དང་ དེ་ཁར་ ཧོན་ཚོད་ ཨེ་མ་ ཀོ་པི་ལ་སོགས་པ་ཚུ་ བཏོགས་ཞིནམ་ལས་ བྱིན་དོ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ཚོད་བསྲེ་གི་རིགས་ཚུ་ ཉོ་མ་དགོ་མི་ལུ་བརྟེན་ འོང་འབབ་ཚུ་ གསོག་འཇོག་འབད་ཚུགས་པས་ཟེར་ཨིན་པས།
མོ་གིས་ འབད་བ་ཅིན་ རྫོང་ཁག་བདག་སྐྱོང་གིས་ ཆུ་ཤོག་གི་ལྡུམ་ར་མཐུན་རྐྱེན་ཚུ་ གོང་ཚད་ཕབ་ཆག་གི་ཐོག་ལུ་ བྱིན་ཡོདཔ་ད་ དམིགས་བསལ་གྱི་ གྲོང་གསེབ་མགྲོན་སྐྱོང་ཁང་ཚུ་ལུ་ གོང་ཚད་ཕབ་ཆག་ཐོག་ བྱིན་ཡི་ཟེར་ཨིན་པས།
ཧེ་མ་འགོ་བཙུགསཔ་ད་ མགྱོནམོ་དག་པ་ཅིག་ལས་ ཐོབ་མ་ཚུགས་པའི་སྐབས་ལུ་ཡང་ མོ་གིས་ མོ་རའི་ ཁ་ཚིག་དང་བསྟུན་པའི་ མགྱོནམོ་མང་སུ་ འོང་བཅུག་ནིའི་ཁས་བླངས་ལྟར་དུ་ འཐུས་ཚུ་སྤྲོད་ཅི་ཟེར་ཨིན་པས།
མོ་གིས་ འབད་བ་ཅིན་ ལྟ་བཤལཔ་ཚུ་ བཞེས་སྒོ་འབད་ནིའི་ནང་ ཆ་རོགས་འབད་ནི་ལུ་ སྤྲོ་བ་འདུག་ཟེར་ཨིནམ་ད་ མོ་གིས་ ལྟ་བཤལཔ་ཚུ་ལུ་ རང་ལུགས་ཀྱི་ བཞེས་སྒོ་འབད་ཐངས་ཚུ་ཡང་ སྟོན་བྱིན་ཡི་ཟེར་ཨིན་པས།
ལྟ་བཤལཔ་ཚུ་གིས་ དགའ་ཤོས་ཅིག་ཨིན་མི་ བཞེས་སྒོ་དེ་ འབད་ནི་ལུ་ ལཱ་འཇམ་ཤོས་ཅིག་ཨིན་མི་དེ་ཡང་ ཨེ་མ་སྐམ་དང་གཅིག་ཁར་ བླམ་བན་ད་ སྒོགཔ་སླ་བསྲེ་སྟེ་ བསྐོལ་བའི་གུ་ ཨེ་ཟེ་དང་གཅིག་ཁར་ བ་མར་ལག་ལེན་འཐབ་ཐོག་ལས་ བསྲུ་ཇ་ཚུ་ བཟོ་བྱིན་དོ་ཡོདཔ་ཨིན་པས།
མོ་གི་ཚོང་འབྲེལ་དེ་གིས་ འོང་འབབ་ལངམ་སྦེ་ ཐལ་མི་ལུ་བརྟེན་ འཆི་མེད་ཀྱི་ གྲོང་གསེབ་མགྲོན་སྐྱོང་ཁང་དེ་ མི་སྡེའི་ནང་ དཔེ་སྟོན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དཔེ་སྟོན་དང་བཅས་པའི་སྒོ་ལས་ འབདཝ་ད་ རྒྱབ་སྐྱོར་དང་ སྙིང་རུས་བསྐྱེད་དེ་ འབད་མི་ལུ་བརྟེན་ ཚོང་ལམ་ཆུང་ཀུ་ཅིག་འབད་རུང་ དེ་གིས་ ཁྱད་པར་སྦོམ་བཟོ་ཚུགས་དོ་ཡོདཔ་ཨིན་པས།
འཆི་མེད་ཀྱིས་ འཛམ་གླིང་རྒྱལ་ཁབ་ སོ་སོ་ཚུ་ནང་གི་ ལྟ་བཤལཔ་ཚུ་དང་ འབྲེལ་བ་འཐབ་ཚུགས་ཡོདཔ་ད་ མོ་གི་རྨགཔ་དེ་གིས་ མོ་ལུ་ བཞེས་སྒོ་འབད་ནིའི་ནང་ ཆ་རོགས་འབད་དོ་ཡོདཔ་ཨིན་པས།
གྲོང་གསེབ་མགྲོན་སྐྱོང་ཁང་དེ་གིས་ གཡུས་སྒོའི་ནང་སྡོད་མི་ ཨམ་སྲུ་ཚུ་ལུ་ འོང་འབབ་བཟོ་ནི་དང་ གཡུས་སྒོའི་ནང་སྡོད་དེ་ ཁྱིམ་འཛིན་སྐྱོང་གི་ འགན་ཁུར་འབག་མི་ཅིག་ལུ་ གྱུར་དོ་ཡོདཔ་ཨིན་པས།
འཆི་མེད་ཀྱིས་ འབད་བཅིན་ དུས་ཅི་གི་ལོ་ནང་ མོ་གི་གྲོང་གསེབ་མགྲོན་སྐྱོང་ཁང་ནང་སྡོད་མི་ ལྟ་བཤལཔ་སྡེ་ཚན་བརྒྱད་དེ་ཅིག་ འོང་ཡི་ཟེར་ཨིན་པས།
འཆི་མེད་ཀྱིས་ ཁང་མིག་རེ་ལུ་ ཁང་གླ་ཞག་རེ་ནང་ དངུལ་ཀྲམ་༡,༡༠༠ རེ་དང་ དེ་གུ་ལུ་ ཞབས་ཏོག་གི་འཐུས་ བརྒྱ་ཆ་༡༠ རེ་ ལེན་དོ་ཡོདཔ་ཨིན་པའི་གནས་ཚུལ།