༉ འགྲུལ་པ་ཅིག་གིས་ ས་གནས་ནང་འཁོད་ལུ་ འགྲོ་འགྲུལ་འབད་ནིའི་དོན་ལས་ གླ་འཁོར་ཅིག་ སྔ་སྲུང་འབད་བ་ཅིན་ གླ་ཆ་དངུལ་ཀྲམ་༡༢༠ ལས་༡༥༠ ལེན་མི་དེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་སྒྲིག་གཞི་༢༠༢༡ ཅན་མ་ལས་ འགལ་བ་ཨིན་པས།
ད་ལས་ཕར་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ མི་མང་གི་རྒྱབ་སྐྱོར་ཐོག་ལས་ ཁྲིམས་འགལ་འབད་མི་ གླ་འཁོར་དེད་གཡོགཔ་ཚུ་ དམ་དམ་སྦེ་ར་ ངོས་ལེན་འབད་ནི་ཨིན་པས།
གླ་འཁོར་དེད་གཡོགཔ་ཚུ་གིས་ བསྐྱར་ཞིབ་འབད་མི་གླ་ཆ་ལུ་ མ་གནས་པ་ཅིན་ དབང་འཛིན་གྱི་ བཅའ་ཡིག་དང་སྒྲིག་གཞི་གི་ དོན་ཚན་༢༥༨ དང་འཁྲིལ་ཏེ་ འགྲུལ་པ་ཚུ་ལས་ གླ་ཆ་ཐེབས་ལེན་མི་ཚུ་ ལོག་སྤྲོད་བཅུག་ནི་ཨིནམ་མ་ཚད་ ཉེས་བྱ་དངུལ་ཀྲམ་༡,༠༠༠ དེ་རེ་ བཀལ་ནི་ཟེར་ཨིན་པས།
འགྲུལ་པ་ཚུ་གིས་ གླ་ཆའི་ཤོག་ཁྲམ་ལེན་བལྟ་དགོཔ་ད་ དེ་ཡང་ གླ་འཁོར་ག་རའི་ནང་ བཞག་དགོཔ་ཨིནམ་ད་ གལ་སྲིད་ དེ་ལས་ལྷག་སྟེ་ གླ་ཆ་ལེན་པ་ཅིན་ དབང་འཛིན་ལུ་ གློག་འཕྲིན་དང་ ཡང་ན་ སྒྲུབ་བྱེད་ཀྱི་དོན་ལུ་ བརྒྱུད་འཕྲིན་གཏང་དགོཔ་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གླ་འཁོར་དང་ མི་མང་བཱསི་ཚུ་ལུ་ ཉིན་མ་དང་ ནུབ་མོའི་སྐབས་ གླ་ཆའི་ཁྱད་པར་མེད་ཟེར་ཨིན་པས།
ཟླཝ་༦ གི་བར་ན་ འབྲུག་གླ་འཁོར་ཚོགས་པ་གིས་ ཟླ་རིམ་གྱི་ གླ་འཁོར་ཟད་འགྲོ་ཚུ་ དབང་འཛིན་ལུ་ སྤྲོད་དོ་ཡོདཔ་ད་ དབང་འཛིན་གྱིས་ སྤྱིར་སྙོམས་ཀྱི་ ཟད་འགྲོ་ཚུ་རྩིས་རྐྱབ་སྟེ་ ལུང་ཕྱོགས་ག་རའི་ནང་ འདྲ་མཉམ་སྦེ་ བདེ་སྒྲིག་འབད་དོ་ཐོག་ལས་ ཆ་འཇོག་གི་དོན་ལུ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་ལུ་ ཕུལ་དོ་ཡོདཔ་ཨིན་པས།
འགོ་དཔོན་གྱིས་ བཀོད་མིའི་ནང་ གླ་འཁོར་གྱི་གླ་ཆ་དེ་ རྩིས་བཏོན་ལམ་ལུགས་དང་འཁྲིལ་ཏེ་ བསྐྱར་ཞིབ་འབད་དོ་ཡོདཔ་ད་ དེ་ནང་ ལོ་བསྟར་རྒྱུན་སྐྱོང་ཟད་འགྲོ་དང་ ཐོ་བཀོད་བསྐྱར་གསོ་ ཉེན་བཅོལ་ དེད་གཡོགཔ་གི་ ཟླ་རིམ་དངུལ་ཕོགས་ཚུ་ ལྟ་དོ་ཡོདཔ་ཨིན་པས།
བསྐྱར་ཞིབ་གླ་ཆ་ཚུ་ཡང་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ ཆ་འཇོག་འབད་དགོཔ་ད་ གླ་འཁོར་དང་ རྒྱལ་ཁབ་ཀྱི་ བཱསི་ཚུ་གི་གླ་ཆ་དེ་ ཟླཝ་༦ གི་བར་ན་ ཚར་རེ་བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་པས།
བཅའ་ཡིག་དང་སྒྲིག་གཞི་གི་དོན་ཚན་༢༦༣ དང་འཁྲིལ་བ་ཅིན་ གླ་འཁོར་དེད་གཡོགཔ་ཚུ་གིས་ དང་པ་ར་ འགྲུལ་པ་ཚུ་ལུ་ གཙོ་རིམ་བཟུང་དགོཔ་ད་ གལ་སྲིད་ སྔ་སྲུང་ཨིན་པ་ཅིན་ འགྲུལ་པ་ཐེབས་འབག་མི་ཆོག་ནི་ཨིན་རུང་ སྔ་སྲུང་འབད་མི་ཚུ་གིས་ འགྲུལ་པ་ཐེབས་བཙུགས་མིའི་ གླ་ཆ་བགོ་བཤའ་རྐྱབ་ནི་ལུ་ ཉན་པ་ཅིན་ འབད་ཆོག་ནི་ཨིན་པས།
དུས་ཅི་ གླ་འཁོར་གྱི་ གླ་ཆ་བསྐྱར་ཞིབ་འབད་ཡོདཔ་ད་ ནང་འཁོད་རྒྱུན་འགྲུལ་གྱི་དོན་ལུ་ ཀི་ལོ་མི་ཊར་རེ་ལུ་ གླ་ཆ་དེ་ སྡོད་ཁྲི་༥ ལས་༦ ཡོད་མི་ གླ་འཁོར་ཚུ་ལུ་ གླ་ཆ་དངུལ་ཀྲམ་༢༤.༠༦ དང་ སྡོད་ཁྲི་༧ ལས་༨ འབད་མི་ གླ་འཁོར་ཚུ་ལུ་ གླ་ཆ་དངུལ་ཀྲམ་༢༦.༧ དེ་ལས་ སྡོད་ཁྲི་༩ ལས་༡༢ ལུ་ གླ་ཆ་དངུལ་ཀྲམ་༣༠.༨༡ ལུ་ ཡར་སེ་འབད་ཡོདཔ་ཨིན་པས།
ཁྲོམ་ནང་ལས་ ཕྱི་ཁར་འགྱོ་མིའི་ གླ་ཆ་དེ་ཡང་ དངུལ་ཀྲམ་༢༢.༠༨ དང་ དངུལ་ཀྲམ་༢༤.༧༡ དེ་ལས་ དངུལ་ཀྲམ་༢༨.༥༣ ལུ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
གླ་འཁོར་དང་ བཱསི་གི་ གླ་ཆ་བསྐྱར་ཞིབ་འབད་མི་ཚུ་ དབང་འཛིན་གྱི་ཡོངས་འབྲེལ་ནང་ལས་ འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།