༉ འབྲུག་གླ་འཁོར་ཚོགས་པ་གིས་ དོགས་སེལ་འབད་མི་དང་འཁྲིལཝ་ད་ མི་སྡེ་བརྡ་བརྒྱུད་ནང་ རྫོང་ཁག་ནང་འཁོད་ཀྱི་ གླ་འཁོར་གྱི་ གླ་ཆའི་ཚད་གཞི་ གསལ་བསྒྲགས་འབད་མི་དེ་ ཚོགས་པ་གིས་ འབད་འབདཝ་མེནམ་སྦེ་ སླབ་ཡོདཔ་ཨིན་པས།
འབྲུག་གླ་འཁོར་ཚོགས་པའི་ བཀོད་ཁྱབ་མདོ་ཆེན་ ཚེ་རིང་དཔལ་འབྱོར་གྱིས་ བཤད་མིའི་ནང་ ལས་ཚོགས་དེ་ རྒྱུན་བཀོད་ལས་སྡེ་མེན་ཟེར་ཨིནམ་ད་ གླ་འཁོར་གྱི་གླ་ཆའི་ཚད་གཞི་ གསལ་བསྒྲགས་འབད་མིའི་ནང་ འགོ་དཔོན་གྱི་ དྲན་རྟགས་དང་ མིང་རྟགས་ ཐིའུ་ལ་སོགས་པ་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
མི་སྡེ་བརྡ་བརྒྱུད་ནང་ གླ་འཁོར་གྱི་གླ་ཆའི་ཚད་གཞི་ བཀོད་དོ་བཟུམ་འབད་བ་ཅིན་ ཐིམ་ཕུག་ལས་ སྤ་རོ་ཚུན་ གླ་ཆ་དངུལ་ཀྲམ་༢༠༠ སྦེ་ཡོདཔ་ད་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ བསྒྱུར་བཅོས་འབད་མི་ ཚད་གཞི་ལྟར་དུ་འབད་བ་ཅིན་ མི་རེ་ལུ་ གླ་ཆ་དངུལ་ཀྲམ་༣༡༤ རེ་ཕོགཔ་སྦེ་ བཀོད་དེ་འདུག་ཟེར་ཨིན་པས།
འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱི་ གསལ་བསྒྲགས་ལུ་ གཞི་བཟུང་འབད་བ་ཅིན་ རྫོང་ཁག་ནང་འཁོད་ཀྱི་ གླ་འཁོར་གླ་ཆ་མི་༥ ཤོང་མི་ལུ་ ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༢༣.༣༡ སྦེ་ཡོདཔ་ལས་ ཚོད་དཔག་ཐོག་ལུ་འབད་བ་ཅིན་ ཐིམ་ཕུག་ལས་སྤ་རོ་ཚུན་ ཀི་ལོ་མི་ཊར་༥༤ ཡོད་མི་གིས་ དངུལ་ཀྲམ་༡,༢༥༨ ཕོག་དོ་ཡོདཔ་ལས་ དེ་གིས་འགྲུལ་མི་༤ ལུ་ བགོ་བཤའ་རྐྱབ་ད་ དངུལ་ཀྲམ་༣༡༤ རེ་ ཕོགཔ་མས་ཟེར་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཕེསི་བུག་ནང་ དངོས་མཐོང་དྲིས་བཀོད་སྐབས་ ཚེ་རིང་དཔལ་འབྱོར་གྱིས་ མི་སྡེ་བརྡ་བརྒྱུད་ནང་ བཙུགས་མི་གསལ་བསྒྲགས་དེ་ བདེན་ཁུངས་མེདཔ་སྦེ་ དོགས་སེལ་འབད་ཡོདཔ་ཨིན་པས།
མི་སྡེ་བརྡ་བརྒྱུད་ནང་ འདི་བཟུམ་གྱི་ བརྡ་དོན་ཕྱི་འགྱུར་བཙུགས་མི་དེ་ ག་ཨིན་ན་ ཧ་གོ་མ་ཚུགསཔ་ཨིན་པས།
ཚེ་རིང་དཔལ་འབྱོར་གྱིས་ བཤད་མིའི་ནང་ གླ་འཁོར་གྱི་གླ་ཆ་ བསྒྱུར་བཅོས་འབད་མི་གིས་ རྫོང་ཁག་དང་ རྫོང་ཁག་གི་བར་ན་ དུམ་གྲ་ཅིག་ དཀའ་ངལ་ཚུ་བྱུང་རུང་ རྫོང་ཁག་ནང་འཁོད་ལུ་ དེ་ཅིག་ར་ དཀའ་ངལ་མིན་འདུག་ཟེར་ཨིན་པས།
འགྲུལ་མི་ལ་ལོ་ཅིག་ གླ་འཁོར་དེད་གཡོགཔ་ཚུ་དང་གཅིག་ཁར་ ཁ་ཤགས་རྐྱབ་དགོཔ་བྱུང་དོ་ཡོད་མི་ལུ་བརྟེན་ མང་ཤོས་ཅིག་གིས་ ཁྲོམ་སྡེའི་འགྲུལ་འཁོར་བཱསི་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ཅིག་གིས་ བཤད་མིའི་ནང་ ང་བཅས་ཀྱིས་ གླ་འཁོར་དེད་གཡོགཔ་ཚུ་ལུ་ གླ་ཆ་ཚུ་ ཕྲང་སྟེ་སྤྲོད་ནི་ལུ་ ག་དེ་སྦེ་ངོས་ལེན་འབད་བཅུག་ནི་ འགྲུལ་པ་མང་ཤོས་ཅིག་ དེད་གཡོགཔ་ཚུ་གིས་ ག་སླབ་མི་དེ་ར་སྤྲོད་དེ་ ཁ་ཤགས་རྐྱབ་ནི་ལུ་ ཉམས་ཚེར་ཏེ་སྡོདཔ་མས་ཟེར་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ མགུ་རྙོག་མི་འཐོན་ནིའི་དོན་ལུ་ རིམ་ལུགས་ཨེཔ་དང་ ཡང་ཅིན་ མི་ཊར་ཚུ་ གླ་འཁོར་ནང་ལག་ལེན་འཐབ་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།
མི་ཊར་ལམ་ལུགས་ཐོག་ལུ་འབད་བ་ཅིན་ དེད་གཡོགཔ་ཚུ་གིས་ ཚུལ་མིན་ཐོག་ལས་ ལམ་ཐག་རིང་ས་ལས་ སྐོར་འགྱོ་ནིའི་ གོ་སྐབས་ལེན་འོང་ཟེར་ཨིནམ་ད་ དེ་གིས་འགྲུལ་པ་དང་ དེད་གཡོགཔ་གི་བར་ན་ དཀའ་ངལ་ཚུ་འཐོན་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཁོངས་དང་འཁྲིལ་ གླ་འཁོར་གྱི་གླ་ཆ་ཚུ་ བདེ་སྒྲིག་འབད་བ་ཅིན་ དེ་ཡང་ དཔེ་འབད་བ་ཅིན་ གླང་རྒྱུག་ཕར་ཁ་དང་ ལྕང་སྒང་ཁ་ལྷ་ཁང་ གཟི་ལུང་ཁ་ཚུ་ནང་ གླ་ཆ་དངུལ་ཀྲམ་༡༠༠ དང་༡༥༠ དེ་རེ་སྦེ་ སྤྱིར་སྙོམས་ཐོག་བཟོ་བ་ཅིན་ དེ་གིས་ དེད་གཡོགཔ་དང་ འགྲུལ་པ་གཉིས་ཆ་ར་ལུ་ སྟབས་བདེ་ཏོག་ཏོ་འོང་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་བཟོ་བ་ཅིན་ དེད་གཡོགཔ་ཚུ་གིས་ ཡར་སེང་མར་ཕབ་མེད་པར་ གནམ་ནུབ་མོ་དང་ ཉིན་མ་གཉིས་ཆ་རའི་ནང་ གླ་ཆ་གཅིག་གི་ཐོག་ལུ་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement