༉ རང་ཟླ་༩ པའི་ཚེས་༧ ལས་འགོ་བཙུགས་ ཉིན་གྲངས་༣ གྱི་རིང་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ གླང་དཀར་མཐོང་གྲོལ་དགའ་ཚལ་ལྷ་ཁང་ བཀྲིས་རབ་གནས་གནང་ཡོདཔ་ད་ དེ་བསྒང་ བཻ་རོ་ཙ་ན་རིན་པོ་ཆེ་ སྤྲུལ་སྐུ་ངག་དབང་འཇིགས་མེད་འཇིག་རྟེན་དབང་ཕྱུག་མཆོག་དང་ སྐུ་འཁོར་ལྷན་རྒྱས་ བློན་ཆེན་ དེ་ལས་ བློན་པོའི་ལྷན་རྒྱས་ཚུ་གིས་ གྲལ་གཏོགས་གནང་ཡོདཔ་ཨིན་པས།
ལྷ་ཁང་དེ་ སྤྱི་ལོ་༡༨༠༠ ལུ་ ཕུར་པའི་རྣལ་འབྱོར་པ་ ངག་དབང་ཆོས་ཀྱི་རྒྱ་མཚོ་གིས་ བཞེངས་གནང་ཏེ་ སྒྲུབ་སྡེ་དང་ ཤེས་ཡོན་གྱི་དོན་དུ་ སློབ་སྦྱོང་གནང་ས་སྦེ་ ལག་ལེན་ཐབ་སྟེ་ འབྲུག་རྒྱལ་ཁབ་ལུ་ ཕན་ཐོགས་སྦོམ་བྱུང་ཡོད་རུང་ སྤྱི་ལོ་༡༩༦༢ ལུ་ མེ་རྐྱེན་ཤོར་ཏེ་ ལྷ་ཁང་རྩ་བ་ལས་ར་ ཉམས་ཆག་ཤོར་ཏེ་ མི་ལོ་༦༠ སོང་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༢༢ ལུ་ གཏེར་སྟོན་རྡོ་རྗེ་གླིང་པའི་ ལུང་བསྟན་དང་འཁྲིལ་ཏེ་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་བཞུགས་ཐོག་ མ་དངུལ་༡༥༠.༠༠༠,༠༠༠ བཏང་སྟེ་ ཉམས་གསོ་ཞུ་ཡོདཔ་ཨིན་པས།
དགོན་པ་དེ་ནང་ གནས་ཁང་གཅིག་དང་ མཚམས་ཁང་༩ ཡང་ གསར་གཞེངས་གནང་ཡོདཔ་ད་ དགོན་པ་དེ་ སྒྲུབ་སྡེ་དང་ ཤེས་ཡོན་གྱི་དོན་དུ་ སློབ་སྦྱོང་གནང་སའི་ས་ཁོངས་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།