༉ སྙིང་སྟོབས་ཅན་གྱི་ ནགས་ཚལ་ཉམས་སྲུང་འབད་མི་གླིང་འཛིན་པ་ དགོངས་ཞུ་འབད་མི་དང་ ཧེ་མ་ཕྱག་ཞུ་མི་ དེ་ལས་ ད་ལྟོ་ ལྟ་རྟོག་འབད་བའི་བསྒང་ཡོད་མི་ཚུ་གིས་ རྒྱལ་ཁབ་ཀྱི་ ནགས་ཚལ་ཉམས་སྲུང་ནང་ ཁོང་རའི་ བརྩོན་ཤུགས་བསྐྱེད་མི་དང་ གྲུབ་འབྲས་བཏོན་མི་ཚུ་ བརྩི་སྲུང་འབད་ནིའི་དོན་ལུ་ ཁ་ཙ་ འཛོམས་ཡོདཔ་ཨིན་པས།
གླིང་འཛིན་པ་ཚུ་གིས་ འབྲུག་འདི་ རང་བཞིན་གནས་སྟངས་དྲག་ཤོས་ཅིག་སྦེ་ བཞག་ནིའི་དོན་ལུ་ འཕྲོ་མཐུད་དེ་ར་ ལཱ་རྩ་འགེངས་འབད་བའི་ གུས་བཏུད་ཞུ་ཐབས་ལུ་ ཁ་ཙ་ འཛམ་གླིང་གླིང་འཛིན་པའི་ཉིནམ་ བརྩི་སྲུང་འབད་ཡོདཔ་ཨིན་པས།
ནགས་ཚལ་ལས་བྱེད་པའི་ སྒྲིག་གོ་གྱོན་པའི་ཁར་ སྤྱ་ལེགས་ཤོམ་སྦེ་བསྡམས་ཏེ་འོང་མི་ ནགས་ཚལ་འགོ་དཔོན་ཨམ་སྲུ་ཚུ་གིས་ཡང་ དཔའ་ཉམས་ཐོག་ལས་ ཉིནམ་བརྩི་སྲུང་ནང་ གྲལ་གཏོགས་འབདཝ་ཨིན་པས།
དེ་གི་གྲས་ལས་ ངོ་ཚ་བའི་ དགའ་འཛུམ་སྟོན་མི་ཅིག་གིས་ སླབ་མིའི་ནང་ ང་བཅས་ཆ་ཁྱབ་ དེ་བཟུམ་མའི་ མི་སྡེ་ལས་རིམ་ནང་ ཉམས་མྱོང་མེདཔ་ལས་ སེམས་འཚབ་འཚུབ་འབདཝ་མས་ཟེར་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ མི་གསརཔ་ཚུ་དང་ ཁ་སླབ་བ་ ཤིང་ཚུ་ནང་གཅིག་ཁར་ ཁ་སླབ་ད་ སྟབས་བདེ་བས་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ འདས་པའི་ལོའི་ ས་ཁོངས་ལྟ་རྟོག་སྙན་ཞུ་ཚུ་ གསར་བཏོན་འབད་མི་དེ་ལུ་ དཔའ་ཉམས་བསྐྱེདཔ་མས་ཟེར་ཨིན་པས།
ལས་རིམ་ནང་ རྒྱལ་ཡོངས་ཨ་ཅོ་གདོང་དཀར་སྙན་ཞུ་༢༠༢༣ དང་ འབྲུག་གི་ སྐྱེ་ལྡན་རིགས་སྣ་ལྟ་རྟོག་གི་ མཐའ་འཁོར་ཌི་ཨེན་ཨེ་སྙན་ཞུ་ དེ་ལས་ འབྲུག་གི་སྲུང་སྐྱོབ་ས་ཁོངས་ཀྱི་ ནགས་ཚལ་ཀར་བཱོན་རྩིས་དོན་ཚུ་ གསར་བཏོན་འབད་ཡོདཔ་ཨིན་པས།
གལ་གནད་ཅན་གྱི་ དཔེ་ཚད་བསྡུ་ལེན་དོན་ལུ་ གླིང་འཛིན་འགོ་དཔོན་ཚུ་ གདོང་ལེན་ཅན་གྱི་ བྱ་གཟར་དྲགས་དང་ གནམ་གཤིས་རྩུབ་དྲགས་ དེ་ལས་ ནགས་ཚལ་ཚུ་ནང་ བདུན་ཕྲག་ལས་བཅད་དེ་ སྡོད་དགོཔ་བྱུང་ཡོདཔ་ཨིན་པས།
ནགས་ཚལ་གཙོ་འཛིན་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ གླིང་འཛིན་འགོ་དཔོན་ཚུ་གིས་ ལཱ་རྩ་འགེངས་འབད་མི་ལུ་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ད་ ལཱ་རྩ་འགེངས་འབད་མི་དེ་ གླིང་འཛིན་འགོ་དཔོན་ཚུ་གིས་ ནགས་ཚལ་ཉམས་སྲུང་འབད་བའི་ བརྡ་མཚོན་ཨིན་བཞིན་དུ་ ཕན་གྲོགས་སྦོམ་འབད་མི་ལུ་ བརྩི་མཐོང་ཡོད་ཟེར་ཨིན་པས།
ལས་རིམ་ནང་ སྐྱེས་ལོ་༧༣ ལང་མི་ གླིང་འཛིན་འགོ་དཔོན་བགྲེསཔ་ པ་སངས་ཚེ་རིང་གིས་ གྲལ་གཏོགས་འབད་ཡོདཔ་ད་ ཁོ་གིས་ ནགས་ཚལ་ལས་ཁུངས་ནང་ ལོ་ངོ་༣༨ དེ་ཅིག་ ཕྱག་ཞུ་ཡོདཔ་བཞིན་དུ་ ལཱ་རྩ་འགེངས་འབད་མི་དེ་ལུ་ རྟགས་མ་ཡང་ ལེ་ཤ་ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ འབྲུག་གི་ གླིང་འཛིན་པའི་ཉིནམ་ འགོ་དང་པ་ བརྩི་སྲུང་འབད་བའི་སྐབས་ ཁོ་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ལས་ ངལ་རངས་ཀྱི་ ལག་ཁྱེར་ཅིག་ཡང་ ཐོབ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་ར་ དགོངས་ཞུ་འབད་བའི་སྐབས་ ན་གཞོན་ཚུ་གིས་ ང་བཅས་བཟུམ་སྦེ་ ནགས་ཚལ་ཚུ་ནང་ དཀའཝ་སྤྱད་དེ་འགྱོ་ནི་ལུ་ དང་འདོད་བསྐྱེད་རུང་ ཚ་གྱང་ལང་ཡི་ཟེར་ཨིན་པས།
ཨིན་རུང་ ད་རེས་ ན་གཞོན་ཚུ་གིས་ ང་བཅས་ལས་ལྷག་སྟེ་ ལཱ་འབད་མི་དང་ ད་རེས་ སྙན་ཞུ་ལེ་ཤ་ཐོན་ཚུགས་མི་ལུ་ཡང་ དཔའ་ཉམས་སྦོམ་ཡོད་ཟེར་ པ་སངས་ཚེ་རིང་གིས་ བཤདཔ་ཨིན་པས།
འཛམ་གླིང་གླིང་འཛིན་པའི་ཉིནམ་དེ་ ཁོང་གིས་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་འབད་ནི་ལུ་ ཕན་གྲོགས་རྐྱངམ་གཅིག་མེན་པར་ སྒྲིག་གཡོག་རྒྱུག་པའི་སྐབས་ ཚེ་སྲོག་ལུ་ བར་ཆད་རྐྱབ་མི་ ནགས་ཚལ་འགོ་དཔོན་ཚུ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ཡང་ཨིན་པས།
མ་གཞི་ འདས་པའི་ལོ་ནང་ གླིང་འཛིན་འགོ་དཔོན་ཅིག་ལུ་ར་ ཤི་རྐྱེན་མ་འབྱུང་པར་ཡོད་རུང་ རྒྱལ་སྤྱི་གླིང་འཛིན་ཚོགས་སྡེའི་སྙན་ཞུ་ནང་ སྤྱི་ལོ་༢༠༢༢ ཟླ་༦ པ་ལས་ སྤྱི་ལོ་༢༠༢༣ ཟླ་༥ པའི་ནང་འཁོད་ལུ་ གླིང་འཛིན་འགོ་དཔོན་༡༥༠ལུ་ ཤི་རྐྱེན་བྱུང་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
དེཡ་ང་ ཟླཝ་༡༢ ཀྱི་ནང་འཁོད་ལུ་ ཤི་རྐྱེན་བྱུང་མི་དེ་ སྤྱི་ལོ་༢༠༠༦ ལས་ ཐོ་བཀོད་འབད་ནི་ འགོ་བཙུགསཔ་ལས་ཚུར་ མཐོ་ཤོས་ཅིག་ཨིནམ་ཨིན་པས།
གླིང་འཛིན་འགོ་དཔོན་ཚུ་ཡང་ དམར་བསད་དང་ གོ་མཚོན་བྲེལ་ཟིང་ ཆུ་ནང་ཐིམ་མི་ དེ་ལས་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་ བྱུང་རྐྱེན་ཚུ་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ མི་ཡཱན་མར་ ཀ་རི་མངའ་སྡེ་ལུ་ བར་མ་གི་ དམག་མི་ཚུ་གིས་ གླིང་འཛིན་འགོ་དཔོན་༢ བསད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༡ ལུ་ རྒྱལ་འཛིན་མ་ནཱསི་གླིང་ཁ་གི་ ནགས་ཚལ་འགོ་དཔོན་༦ དགེ་ལེགས་ཕུག་གི་ གླིང་ཁ་ཡིག་ཚང་ལྟེ་བའི་ནང་ འོང་པའི་སྐབས་ ཤི་རྐྱེན་བྱུང་ཡོདཔ་ད་ ས་མཚམས་ཕྱི་ཁར་ལས་ མི་བྱ་ངན་ཚུ་གིས་ གས་རྫས་ལག་ལེན་འཐབ་སྟེ་ རྐུ་བསད་རྐྱབ་རུང་ ནགས་ཚལ་འགོ་དཔོན་༤ སྲོག་སྐྱབས་འབད་ཚུགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ཟླ་༡༢ པའི་ནང་ དེ་བཟུམ་མའི་ གནད་དོན་བྱུང་པའི་སྐབས་ གླིང་འཛིན་འགོ་དཔོན་༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཚེ་འདས་ཚུ་ཡང་ ཚེ་དབང་ནོར་བུ་དང་ དབང་ཕྱུག་ དེ་ལས་ ཀི་རཱན་བར་མ་ཚུ་ཨིན་པས།
ལའི་ད་འབྲུག་པ་དང་ རཱན་ཇིཊ་མོང་གར་༢ མ་ཤི་བར་ ལུས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ཟླ་༡༢ པའི་ནང་ གླིང་འཛིན་འགོ་དཔོན་ཅིག་ ལ་དུག་ཐོབ་སྟེ་དང་ གཞན་མི་དེ་ རྒྱལ་ཡོངས་ནགས་ཚལ་གནས་སྡུད་ བསྡུ་ལེན་འབད་བའི་སྐབས་ བྱག་གུ་ལས་ རྦོབ་རིལ་ཏེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༠ལས་ཚུར་ འབྲུག་གི་ ནགས་ཚལ་གླིང་འཛིན་འགོ་དཔོན་༡༣ ལུ་ ཤི་རྐྱེན་དང་ འགོ་དཔོན་༡༡ ལུ་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།
ལོ་༡༤ གི་རིང་ གླིང་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་མི་ སྨོན་ལམ་བཟང་མོ་ཡང་ སྐོར་སྲུང་གི་ སྒྲིག་གཡོག་རྒྱུག་པའི་སྐབས་ བྱག་གཟར་དྲགས་ཅིག་གུ་ལས་ རྦོབ་རིལ་ཏེ་ ཤི་ནི་ར་ འབད་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ གླིང་འཛིན་འགོ་དཔོན་དང་ སྐོར་སྲུང་ལྟ་རྟོག་འབད་ནི་དེ་ གདོང་ལེན་ཅན་ཅིག་ཨིནམ་བཞིན་དུ་ ཤ་བདའ་མི་ཚུ་གིས་ གནོད་སྐྱོན་རྐྱབ་ནི་ཨིནམ་ སླབ་མི་ཤེས་ཟེར་ཨིནམ་ད་ ང་བཅས་ཆ་ཁྱབ་ འཕྲལ་འཕྲལ་ར་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་ནི་ཡོད་ཟེར་ཨིན་པས།
སྨོན་ལམ་བཟང་མོ་གིས་ སླབ་མིའི་ནང་ མོ་ར་ ནགས་ཚལ་ནང་ སྒྲིག་གཡོག་རྒྱུག་སྡོད་དགོཔ་ལས་ མོ་རའི་ ཨ་ལོ་གཅིགཔོ་དེ་ ཁྱིམ་ཚང་ཚུ་གིས་ ལྟ་ཏེ་ར་ སྦོམ་ཐལ་སོ་ཡི་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།