༉ སྤྱི་ཟླ་༩ པའི་ཚེས་༡༠ ལུ་ ཁྲིམས་འགལ་ཐོག་ལས་ རི་དྭགས་སེམས་ཅན་ཚུ་ ཚོང་འབྲེལ་འཐབ་ནི་ལས་ བཀག་ཐབས་འབད་ནི་དང་ བདའ་ཟུན་ཚུགས་ནིའི་དོན་ལས་ དངུལ་ཀྲམ་ས་ཡ་༧ གནས་པའི་ གློག་པར་འཕྲུལ་ཆས་ཚུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ནགས་ཚལ་དང་གླིང་ག་ཞབས་ཏོག་དང་ མཉམ་འབྲེལ་ཐོག་ལས་ འབྲུག་གི་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གིས་ གློག་པར་འཕྲུལ་ཆས་ཚུ་ ཁྲིམས་སྲུང་འགག་སྡེ་ལུ་ བྱིན་ཡོདཔ་ཨིན་པས།
ཁྲིམས་འགལ་ཐོག་ལས་ རི་དྭགས་སེམས་ཅན་ཚུ་ ཚོང་འབྲེལ་འཐབ་མི་གིས་ ཉམས་སྲུང་འབད་ཚུགས་ནི་དང་ རྒྱལ་ཡོངས་སྐྱེ་ལྡན་ཉེན་སྲུང་ལུ་ ཐོ་སྦོམ་སྦེ་ར་ཕོག་ཡོདཔ་ད་ ད་རེས་ རྒྱལ་ཁབ་ཀྱི་ ས་མཚབས་སྒོ་ར་ཚུ་ནང་ ཞིབ་དཔྱད་འབད་ནིའི་ འཕྲུལ་ཆས་ཚད་གཅིག་ལས་བརྒལ་མེདཔ་ལས་ རི་དྭགས་སེམས་ཅན་ ནག་ཚོང་འཐབ་མི་ཚུ་ བདའ་ཟུན་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འཕྲུལ་ཆས་རྩིས་སྤྲོད་འབད་མི་གིས་ ནག་ཚོང་འཐབ་པའི་གནས་སྟངས་དེ་ ཡར་དྲག་འགྱོ་ཚུགས་པའི་རེ་བ་ཡོདཔ་ད་ གློག་པར་འཕྲུལ་ཆས་ཚུ་ པར་བཏབ་ནི་ལུ་ སྤུས་ཚད་ཡོདཔ་ཨིན་པས།
འཕྲུལ་ཆས་ལག་ལེན་འཐབ་ནིའི་དོན་ལས་ ཁྲིམས་སྲུང་འགག་པ་༤༦ དེ་ཅིག་ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ དམག་སྲིད་ཕུརཔ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་ཚུ་གིས་ ཉམས་ཉེན་ཅན་གྱི་ཤིང་སྣ་དང་ སྲོག་ཆགས་ནག་ཚོང་འཐབ་མི་ཚུ་ བདའ་ཟུན་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་པར་འཕྲུལ་ཆས་ཚུ་ཡང་ ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བསམ་རྩེ་གི་ ས་མཚམས་སྒོ་ར་ཚུ་ནང་ བགོ་བཀྲམ་འབད་ནི་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ཚུ་གིས་ ལག་ལེན་འཐབ་ཐོག་ལས་ འཚོལ་ཞིབ་འབདཝ་ད་ བདའ་ཟུན་ནི་ལུ་ གདོང་ལེན་བྱུང་སྟེ་ཡོད་རུང་ ད་ལས་ཕར་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་ཚུ་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།
ཕུརཔ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལམ་ལུགས་གསརཔ་གིས་ མི་མང་ལུ་ སྟབས་མ་བདེཝ་མར་ཕབ་དང་ ལགཔ་ལག་ལེན་ཐོག་ལས་ འཚོལ་ཞིབ་འབད་བའི་སྐབས་ དུས་ཚོད་འགོར་མི་དང་འབྲེལ་བའི་ དཀའ་ངལ་ཡང་ སེལ་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་ ནགས་ཚལ་དང་རང་བཞིན་ཉམས་སྲུང་བཅའ་ཁྲིམས་༢༠༢༣ དང་ རྒྱལ་སྤྱི་ཉམས་ཉེན་ཅན་གྱི་ ཤིང་སྣ་དང་ སྲོག་ཆགས་ཚོང་འབྲེལ་དང་ ཁྲིམས་འགལ་ཐོག་ལས་ རི་དྭགས་ཚོང་འབྲེལ་ འཛིན་བཟུང་འབད་ནི་ནང་ཡང་ སྦྱོང་བརྡར་ཚུ་ འབད་ཡོདཔ་ཨིན་པས།
འཛམ་གླིང་རི་དྭགས་མ་དངུལ་དང་ ཡུ་ཨེསི་གི་ རྒྱལ་སྤྱི་སྨྱོ་རྫས་དང་བཀའ་ཁྲིམས་བསྟར་སྤྱོད་ རྒྱབ་སྐྱོར་ཐོག་ལས་ ལས་རིམ་དེ་ཡང་ ཁྲིམས་འགལ་གྱི་ རི་དྭགས་བཀག་ཐབས་གཞི་བཀོད་ལས་འགུལ་ཐོག་ལས་ ནག་ཚོང་འཐབ་མི་ བཀག་ཐབས་འབད་ནི་ ཆ་ཤས་ལས་སྣ་ཅིག་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ རི་དྭགས་དང་འབྲེལ་བའི་ གནད་དོན་༡,༣༡༨ སྙན་ཞུ་འབད་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་འབད་བ་ཅིན་ གནད་དོན་ཁག་༡,༢༨༤ དང་ སྤྱི་ལོ་༢༠༢༡ དང་༢༠༢༠ གནད་དོན་༡,༢༦ དང་༡,༩༡༧ རེ་ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༠-༢༣ ལུ་ གནད་དོན་མཐོ་ཤོས་ར་ ཁྲིམས་འགལ་ཐོག་ལས་ ཤིས་ཆས་དང་ ཤིང་མིན་པའི་ཐོན་སྐྱེད་བཏོན་ནི་དང་ ཁྲིམས་འགལ་ཐོག་ལས་ ཉ་བཟུང་ནི་ཚུ་ཨིན་པས།
ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༢༠-༢༣ ནང་འཁོད་ལུ་ ཁྲིམས་འགལ་ཐོག་ལས་ ལཱ་བྱ་འཐབ་མི་ཚུ་ལས་ ཉེན་བྱ་དངུལ་ཀྲམ་ས་ཡ་༡༣༣ བསྡུ་ལེན་འབད་ཡོདཔ་ད་ མཐོ་ཤོས་ར་ ཁྲིམས་འགལ་ཐོག་ ཤི་ཆས་(དངུལ་ཀྲམ་ས་ཡ་༩༤) དང་ དེ་གི་འོག་ལས་ ཁྲིམས་འགལ་ཐོག་ལས་ ཉ་བཟུང་མི་(དངུལ་ཀྲམ་ས་ཡ་༦.༧) དེ་ལས་ ཤིང་ཆས་ལོག་སྤྱོད་འབད་མི་ལས་ ཉེས་བྱ་དངུལ་ཀྲམ་ས་ཡ་༣ བསྡུ་ལེན་འབད་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement