གལ་སྲིད་ གློག་མེ་ལག་ལེན་འཐབ་མི་དེ་ རེ་བ་བསྐྱེད་དོ་བཟུམ་སྦེ་འགྱོ་བ་ཅིན་ འབྲུག་གི་ནུས་ཤུགས་དེ་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ བརྒྱ་ཆ་༤༠༠ ལྷགཔ་ཅིག་ ཡར་འཕར་འགྱོ་ནི་ཨིན་པས།
ཨོ་རྒྱན་རྡོ་རྗེ།
༉ རྒྱལ་ཁབ་ཀྱི་ ནུས་ཤུགས་གནས་སྟངས་ རྒྱ་ཆེ་དྲགས་སྦེ་ སོར་སྒྱུར་སོང་མི་དང་འབྲེལ་ སྤྱི་ལོ་༢༠༢༣ ལུ་ འབྲུག་གིས་ ཕྱིར་ཚོང་བ་ལྷགཔ་སྦེ་ ནང་འཁོད་ལུ་ མངམ་ལག་ལེན་འཐབ་མི་དེ་ འགོ་དང་པ་ཨིན་པས།
དེ་ཡང་ མཐའ་འཁོར་རྩིས་ཁྲ་གནས་སྡུད་༢༠༢༤ ཅན་མ་དང་འཁྲིལ་བ་ཅིན་ འདས་པའི་ལོ་ངོ་བཅུ་ཕྲག་ནང་ ཕྱིར་ཚོང་འཐབ་མི་དེ་ ནང་འཁོད་ལག་ལེན་འཐབ་མི་ལས་ མངམ་སྦེ་ཐོན་ཡོདཔ་ཨིན་མས།
སོར་སྒྱུར་དེ་ཡང་ གློག་ཤུགས་ཐོན་སྐྱེད་མར་བབས་སོང་མི་དང་ ནང་འདྲེན་གློག་མེ་ལུ་ བརྟེན་སྡོད་མི་དེ་ ཡར་སེང་སོང་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
གློག་མེ་ལམ་ལུགས་ལས་ཁུངས་ཀྱིས་ འབྲུག་གི་ནུས་ཤུགས་ མཁོ་འདོད་བཀོད་མི་དེ་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ བརྒྱ་ཆ་༤༠༠ དེ་ཅིག་ ཡར་འཕར་འགྱོ་ནིའི་་ ཚོད་དཔག་འབད་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་ལས་ ནང་འཁོད་ལུ་ གློག་ཤུགས་མཁོ་འདོད་ ཡར་འཕར་སོང་མིའི་ གནད་དོན་གཙོ་བོ་ར་ བཟོ་གྲྭ་འཕྲུལ་ཁང་ ཡར་སེང་སོང་མི་ལུ་བརྟེན་ཨིནམ་བཞིན་དུ་ སྤྱི་ལོ་༢༠༢༣ ལུ་ ནང་འཁོད་གློག་མེ་ལག་ལེན་ཡོངས་བསྡོམས་ལས་ བརྒྱ་ཆ་༩༣.༨༤ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྱིམ་གུང་རེ་གི་ གློག་ཤུགས་ལག་ལེན་དེ་ བརྒྱ་ཆ་༦.༡༧ ཨིནམ་ད་ ནུས་ཤུགས་དགོས་མཁོ་གི་དོན་ལུ་ མང་ཤོས་ཅིག་གིས་ ས་སྣུམ་དང་ ཐབ་ཤིང་ཚུ་ལུ་ རེ་སྡོད་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ གློག་ཤུགས་ཡོངས་བསྡོམས་ གི་ག་ཝཱཊ་༡༡,༡༥༧ བཀྲམ་སྤེལ་འབད་མི་ལས་ གི་ག་ཝཱཊ་༦༢༢ དེ་ ནང་འདྲེན་འཐབ་དོ་ཡོདཔ་ད་ གློག་ཤུགས་གི་ག་ཝཱཊ་༥,༨༩༥ དེ་ ནང་འཁོད་ལུ་ ལག་ལེན་འཐབ་ཡོདཔ་ཨིན་པས།
བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ གི་ག་ཝཱཊ་༥,༥༣༡ དང་ ཁྱིམ་གུ་ཚུ་གིས་ གི་ག་ཝཱཊ་༣༦༤ དེ་ལས་ གློག་མེ་གི་ག་ཝཱཊ་༥,༡༤༣ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས།
པེ་རིསི་གན་ཡིག་དང་འཁྲིལ་ཏེ་ འཛམ་གླིང་གིས་ གཙང་སྦྲ་དང་ལྡན་པའི་ ནུས་ཤུས་ཐོན་སྐྱེད་ལུ་ སོ་སྒྱུར་འབད་དོ་ཡོདཔ་ལས་ འབྲུག་གིས་ རང་བཞིན་ནུས་ཤུགས་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ རྒྱལ་ཁབ་ཀྱི་ ནུས་ཤུགས་ཡོངས་བསྡོམས་ལས་ ནུས་ཤུགས་བརྒྱ་ཆ་༧༠.༢༦ ཡོདཔ་ད་ དེ་ནང་ ས་སྣུམ་ཌི་ཟཱལ་དང་ པེ་ཊཱོལ་ ས་མ་ཁུ་ དེ་ལས་ ཐབ་ཤིང་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ཨིན་རུང་ ནང་འཁོད་ཀྱི་ དགོས་མཁོ་ཡར་སེང་འགྱོ་མི་ལུ་བརྟེན་ ད་ལྟོ་ཡོད་པའི་ གློག་མེ་ཐོན་སྐྱེད་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
འབྲུག་གི་ནུས་ཤུགས་གནས་སྡུད་༢༠༢༢ ཅན་མ་དང་འཁྲིལཝ་ད་ ཉི་དྲོད་དང་ རླུང་གི་ ནུས་ཤུགས་ཐོན་ཁུངས་གཞན་ཚུ་གིས་ སྤྱིར་བཏང་ ནུས་ཤུགས་སླ་བསྲེ་ནང་ བརྒྱ་ཆ་༡ ལས་ཉུངམ་སྦེ་ ལྷན་ཐབས་འབདཝ་ཨིན་པས།
དེ་མ་ཚད་ གློག་མེ་ཐོན་སྐྱེད་ཡང་ འདས་པའི་ལོ་ཚུ་ལས་ མར་བབས་སོང་པའི་ཡོདཔ་ལས་ ནང་འདྲེན་ཡར་སེང་ སང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༡ ལུ་ སྤྱིར་བཏང་ གློག་ཤུགས་ གི་ག་ཝཱཊ་༡༠,༨༢༡.༨ ཐོན་སྐྱེད་འབད་ཡོདཔ་ད་ གི་ག་ཝཱཊ་༢༥.༡༩ ནང་འདྲེན་འཐབ་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་འབད་བ་ཅིན་ གློག་ཤུགས་ཐོན་སྐྱེད་ གི་ག་ཝཱཊ་༡༠,༧༥༤.༠༥ མར་བབས་སོང་ཡོད་རུང་ ནང་འདྲེན་དེ་ གི་ག་ཝཱཊ་༢༤༧.༣༢ དེ་ཅིག་ ཡར་འཕར་སོང་ནུག།
སྤྱི་ལོ་༢༠༢༣ ནང་འཁོད་ལས་ གློག་ཤུགས་ཐོན་སྐྱེད་དེ་ འཕྲོ་མཐུད་ར་ གི་ག་ཝཱཊ་༡༠,༥༣༥.༦༠ ལུ་ མར་བབས་སོང་ཡོདཔ་ད་ ནང་འདྲེན་འབད་བ་ཅིན་ གི་ག་ཝཱཊ་༦༢༢ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
ནང་འཁོད་ལག་ལེན་ཡར་སེང་དང་ ཕྱིར་ཚོང་མར་ཕབ་ཀྱིས་ གློག་མེ་འོང་འབབ་ལུ་ གདོང་ལེན་བྱུང་མི་དེ་ཡང་ ་ ནང་འཁོད་སྤྱོད་འཐུས་ལས་ ཕྱིརཚོང་འཐུས་ མངམ་ཡོད་མི་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༢༢ ལུ་ གློག་མེ་ཕྱིར་ཚོང་གི་ འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༢༢.༦ ལས་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་༡༦.༦༤ ལུ་ མར་བབས་སོང་ཡོདཔ་ད་ ནང་འཁོད་ཚོང་འབྲེལ་དེ་ གཉིས་ལྟབ་སྦེ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༤.༤༡ ལས་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་༨.༧༣ ལུ་ ཡར་འཕར་སོང་ནུག།
ནང་འཁོད་ལུ་ གློག་ཤུགས་མཁོ་འདོད་བཀོད་མི་དེ་ ཡར་སེང་སོང་ཡོད་རུང་ གུང་རེ་གིས་ གློག་ཤུགས་ལག་ལེན་འཐབ་མི་དེ་ དམའ་སུ་སྦེ་ར་ཡོད་ད་ ནང་འཁོད་ལག་ལེན་ཡོངས་བསྡོམས་ལས་ ཁྱིམ་གུང་ཚུ་གིས་ གློག་ཤུགས་ གི་ག་ཝཱཊ་༣༦༤ དང་ ཡང་ཅིན་ བརྒྱ་ཆ་༦.༡༧ ལག་ལེན་འཐབ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ འདས་པའི་ལོ་ཚུ་ལས་ ཁྱིམ་གུང་ཚུ་གིས་ ས་མར་ཁུ་དང་ པེ་ཊཱོལ་མར་ཁུ་ཚུ་ ལག་ལེན་འཐབ་མི་དེ་ མར་བབས་སོང་ཡོདཔ་ཨིན་པས།
ཁྱིམ་གུང་ལས་ནང་ ས་སྣུམ་དང་ ཌི་ཟཱལ་ པེ་ཊཱོལ་ལག་ལེན་འཐབ་མི་ བརྒྱ་ཆ་༢༤.༢༠ དང་ ཞབས་ཏོག་ལས་སྡེ་ནང་ བརྒྱ་ཆ་༣༥.༩༦ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ ཌི་ཟིལ་དང་ པེ་ཊཱོལ་ ཀི་ལོ་ལི་ཊར་༢༡༠,༡༤༧ ནང་འདྲེན་འཐབ་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་འབད་བ་ཅིན་ ཀི་ལོ་ལི་ཊར་༡༤༤,༣༤༠ ལས་བརྒལ་ ནང་འདྲེན་མ་འཐབ་པར་ ཡོདཔ་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ གློག་ཤུགས་སྣུམ་འཁོར་དེ་ ཐོབ་སྤྱོད་འབད་ཚུགསཔ་ མ་རན་ཚུན་ཚོད་ མི་ཚུ་གིས་ འཕྲོ་མཐུད་དེ་ར་ ས་སྣུམ་ཚུ་ལུ་ བརྟེན་སྡོད་ནི་ཨིན་པས།
སྐྱེལ་འདྲེན་ལས་སྡེ་རྐྱངམ་གཅིག་ནང་ སྤྱི་ལོ་༢༠༢༣ ལུ་ ནག་རྫས་ཀར་བཱོན་ཌ་ཨོག་སའིཌ་ ཀི་ལོ་ག་རཱམ་ས་ཡ་༡༣༠ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ གཞུང་གིས་ གློག་མེ་འཕྲུལ་ཁང་༡༠ རྐྱབ་ནི་གི་ འཆར་གཞི་ཡོདཔ་ད་ གལ་སྲིད་ ག་ར་འཆར་གཞི་དང་འཁྲིལ་ཏེ་འགྱོ་བ་ཅིན་ གློག་མེ་འཕྲུལ་ཁང་ག་ར་རྐྱབ་ཚུགས་པ་ཅིན་ འབྲུག་གིས་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་ནི་ཨིན་པའི་གནས་ཚུལ།