༉ འབྲུག་གིས་ སྤྱི་ལོ་༢༠༤༠གི་ནང་འཁོད་ལུ་ གློག་མེའི་ནུས་ཤུགས་ མེ་ག་ཝཱཊ་༢༠,༠༠༠འི་ དམིགས་གཏད་འགྲུབ་ནི་ལུ་ མ་དངུལ་ཡུ་ཨེསི་ཌོ་ལར་ ཐེར་འབུམ་༢༦ དགོཔ་ཨིན་པས།
དམིགས་ཡུལ་འགྲུབ་ནི་ལུ་ ཡུན་རིངམོ་ཡོད་རུང་ གཞུང་གིས་ གློག་ཤུགས་མེ་ག་ཝཱཊ་༣,༡༡༩ དེ་ཅིག་ ཡར་སེང་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ འཆར་གཞི་༡༣ པའི་ནང་ གློག་ཤུགས་ག་ཝཱཊ་༥,༠༠༠གཞི་བཙུགས་འབད་ནི་ཨིན་པས།
དེ་གི་དོན་ལུ་ འཆར་གཞི་༡༣ པའི་ཕྱི་ཁར་ལས་ དངུལ་ཀྲམ་ཐེར་འབུམ་༥༢༧ བགོ་བཀྲམ་འབད་ཡོདཔ་ལས་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ གཞུང་གིས་ མ་དངུལ་ག་ཏེ་ལས་ འབག་འོང་ནི་ཨིན་ན་ཟེར་ དྲི་དཔྱད་འབདཝ་ཨིན་པས།
གནད་དོན་དེ་ལུ་ བརྡ་བརྒྱུད་ཞལ་འཛོམས་ནང་ ནུས་ཤུགས་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་དཔལ་འབྱོར་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ གཞུང་གིས་ མ་དངུལ་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ད་ རྒྱ་གར་གྱི་ བཟོ་གྲྭ་འཕྲུལ་ཁང་དང་ དངུལ་འབྲེལ་གཙུག་སྡེ་ཚུ་དང་ མཉམ་འབྲེལ་ཐབས་ལམ་ཚུ་ བཏོན་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ གློག་མེ་ལུ་ མ་རྩ་གཞི་བཙུགས་ཀྱི་ སྐྱིན་འགྲུལ་བརྒྱ་ཆ་༧༠དང་ མ་རྩའི་ཐབས་ལམ་བརྒྱ་ཆ་༣༠ལུ་ ལྟ་དོ་ཡོདཔ་ད་ ལས་འགུལ་སྦོམ་གྱི་དོན་ལུ་ ཟུང་ཕྱོགས་དང་ ཕྱོགས་མང་ཐོན་ཁུངས་ ཨེ་ཟིམ་དངུལ་འབྲེལ་དང་ ཚོང་འབྲེལ་སྐྱིན་འགྲུལ་ ལས་འཛིན་དང་སྔོ་ལྗང་འགན་ལེན་ ཟུར་ཕོགས་མ་དངུལ་ལ་སོགས་པ་ཚུ་ ལྟ་དོ་ཟེར་ཨིན་པས།
གཞུང་གིས་ རྒྱལ་ཁབ་ཀྱི་ གློག་མེ་ལས་འགུལ་ཚུ་ལུ་ མ་རྩ་གཞི་བཙུགས་འབད་ནི་ལུ་ རྒྱ་གར་གྱི་ལས་འཛིན་སྦོམ་ ཨ་དཱ་ནི་ལས་སྡེ་དང་ རི་ལ་ཡཱནསི་ལས་སྡེ་ དེ་ལས་ ཇི་ཨེམ་ཨར་ལས་སྡེ་ཚུ་དང་ཡང་ གྲོས་བསྟུན་འབད་དོ་ ཡོདཔ་ཨིན་པས།
དེ་མ་ཚད་ གཞུང་གིས་ སྐྱིན་འགྲུལ་དངུལ་འབྲེལ་གདམ་ཁ་ དངུལ་ཀྲམ་ཐེར་འབུམ་༢༢༧ ཚུ་ལྟ་མི་དེ་ མ་འོངས་ལོ་༥ འི་ནང་ སྐྱིན་འགྲུལ་ཐེར་འབུམ་༥༢༧ དགོས་མཁོ་ཡོད་མི་ལས་ བརྒྱ་ཆ་༥༠གི་རྩིས་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ གློག་མེ་གི་ དམིགས་ཡུལ་འགྲུབ་ནི་ལུ་ མ་རྩ་སྦོམ་སྦེ་ར་ དགོཔ་ཡོདཔ་ད་ མ་དངུལ་འཚོལ་ཞིབ་འབད་ནི་དེ་ གདོང་ལེན་ཅན་ཅིག་ཨིན་རུང་ འགྲུབ་ཚུགས་ནི་མས་ཟེར་ཨིན་པས།
གཞུང་གིས་ གློག་མེ་ལས་སྡེ་ནང་ མ་རྩ་གཞི་བཙུགས་འབད་ཆོགཔ་བཟོ་ནི་དང་ གཞུང་དང་སྒེར་སྡེ་མཉམ་འབྲེལ་ཐོག་ལས་འབད་ནིའི་དོན་ལུ་ གཞུང་གིས་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་པས།
གཞུང་གིས་ སྐྱིན་འགྲུལ་དང་ མ་རྩའི་མ་དངུལ་ཐོག་ལས་ གློག་མེ་འོང་འབབ་ལས་ གློག་མེ་ལས་འགུལ་གསརཔ་ཚུ་ལུ་ བརྒྱ་ཆ་དག་པ་ཅིག་ མ་རྩ་གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
མེ་ག་ཝཱཊ་༦༠༠འབད་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ སྐྱིན་འགྲུལ་དང་ མ་རྩའི་མ་དངུལ་ཐབས་ལམ་ཐོག་ལས་ ཊ་ཊ་ལས་སྡེ་གིས་ མ་རྩ་གཞི་བཙུགས་འབད་ནི་ཨིནམ་ད་ ཁ་གསལ་སྙན་ཞུ་ ད་ལྟོ་ ཐག་མ་གཅད་པར་ ཡོདཔ་ཨིན་པས།
གཞུང་གིས་ འཕྲལ་མགྱོགས་ར་ ཊ་ཊ་ལས་སྡེ་དང་གཅིག་ཁར་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ནིའི་ ལས་རིམ་ཡོདཔ་ཨིན་པས།
མེ་ག་ཝཱཊ་༡,༡༢༥ འབད་མི་ རྡོ་རྗེ་ལུང་གློག་མེ་ལས་འགུལ་བཟོ་སྐྲུན་ནང་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༥ དགོས་མཁོ་ཡོདཔ་ལས་ འཛམ་གླིང་དངུལ་ཁང་གིས་ ཡུ་ཨེསི་ཌོ་ལར་ས་ཡ་༣༠༠འབད་ནི་སྦེ་ ཁས་ལེན་འབད་དེ་ཡོདཔ་ད་ འཛམ་གླིང་དངུལ་ཁང་ལུ་ མཐུན་ཁུངས་གཞན་ཚུ་ལས་ མཉམ་སྡེབ་ཀྱི་དོན་ལུ་ མཐུན་ཚོགས་དངུལ་འབྲེལ་འགོ་ཁྲིདཔ་འབད་དགོ་པའི་ ཞུ་བ་འབད་དེ་ཡོད་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ དང་པ་དང་༢ པའི་ལས་འགུལ་ཚུ་ ཁས་ལན་འབད་ཡོདཔ་བཞིན་དུ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འབད་ནི་ཨིན་པས།
གློག་མེ་ལས་འགུལ་ཆུང་བ་དང་ ཉི་དྲོད་ལས་འགུལ་གྱི་དོན་ལུ་ གཞུང་གིས་ མ་དངུལ་ཚུ་ རྒྱ་གར་གྱི་དངུལ་ཁང་ལས་ ཚོང་འབྲེལ་སྐྱིན་འགྲུལ་དང་ ཡུ་རོ་པི་ཡཱན་མ་རྩ་གཞི་བཙུགས་དངུལ་ཁང་ ཨོ་པི་མ་དངུལ་ ཇའི་ཀ་ དེ་ལས་ ཡེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལ་སོགས་པ་ཚུ་ལས་ ཐོབ་སྟེ་ཡོདཔ་ཨིན་པས།
འཆར་གཞི་༡༣ པའི་ནང་ གཞུང་གིས་ མེ་ག་ཝཱཊ་༤༠༤ འབད་མི་ ནེ་ར་ཨ་མ་རི་དང་ མེ་ག་ཝཱཊ་༦༠༠འབད་མི་ མཁོ་ལོང་ཆུ་ མེ་ག་ཝཱཊ་༡,༡༢༥ འབད་མི་ རྡོ་རྗེ་ལུངམ་གློག་མེ་ལས་འགུལ་ མེ་ག་ཝཱཊ་༡༨༠འབད་མི་ བུ་ན་ཁ་གློག་མེ་ལས་འགུལ་ མེ་ག་ཝཱཊ་༩༠༠འབད་མི་ ཝང་ཆུ་གློག་མེ་ལས་འགུལ་ མེ་ག་ཝཱཊ་༣༦༣ འབད་མི་ མཁོ་མ་ཆུ་ མེ་ག་ཝཱཊ་༡༧༠འབད་མི་ དྭངས་ཆུ་གློག་མེ་ལས་འགུལ་ མེ་ག་ཝཱཊ་༧༧༠འབད་མི་ ལྕངམ་མཁར་ཆུ་གློག་མེ་ལས་འགུལ་ མེ་ག་ཝཱཊ་༤,༠༦༠འབད་མི་ སཱུན་ཀོཤ་གློག་མེ་ལས་འགུལ་ དེ་ལས་ མེ་ག་ཝཱཊ་༢,༨༠༠འབད་མི་ ཀུར་རི་-གོང་རི་གློག་མེ་ལས་འགུལ་ཚུ་ འགོ་བཙུགས་ནི་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་༢ མཁོ་ལོང་ཆུ་གློག་མེ་ལས་འགུལ་ དེ་ལས་ དབྱེ་ཁག་དང་པ་དང་༢ པའི་ གློག་མེ་ལས་འགུལ་ཆུང་བ་ཚུ་གིས་ གློག་མེ་ཐོན་སྐྱེད་འབད་ཚུགས་པ་ཅིན་ ལོ་༥ འི་ནང་འཁོད་ལུ་ གློག་ཤུགས་མེ་ག་ཝཱཊ་༣,༡༡༩ གྲུབ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞུང་གིས་ གློག་མེ་ལས་འགུལ་ ལེ་ཤ་ཅིག་ར་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ ཁ་སྐོང་གློག་ཤུགས་གི་ག་ཝཱཊ་༡༥ བཟོ་ནི་ ལས་རིམ་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་རྐྱངམ་གཅིག་གིས་ ནུས་ཤུགས་ཀྱི་ མཁོ་འདོད་གྲུབ་མི་ཚུགས་ནི་ཨིནམ་ལས་ ཉི་དྲོད་ནུས་ཤུགས་ གི་ག་ཝཱཊ་༥ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡང་ཡོད་ཟེར་ མདོ་ཆེན་ཀརྨ་དཔལ་འབྱོར་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།