༉ ལྷུན་རྩེ་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཀི་ལོ་ཝཱཊ་༣༢ འབད་མི་ ཡུ་གི་ཆུ་གློག་མེ་ལས་འགུལ་དང་ གཞལམ་སྒང་ ནང་སྐོར་ལུ་ཡོད་པའི་ ཀི་ལོ་ཝཱཊ་༥༤ འབད་མི་ བུར་ག་ཆུ་གློག་མེ་ལས་འགུལ་ དེ་ལས་ ཧཱ་གསང་ཁའི་ལུ་ཡོད་པའི་ ཀི་ལོ་ཝཱཊ་༡༨ བརྩིས་ཏེ་ གློག་མེ་ལས་འགུལ་ཆུང་བ་༣ གྱིས་ སང་ཕོད་ལས་ གློག་མེའི་ནུས་ཤུགས་ཐོན་སྐྱེད་འབད་ནི་ འགོ་བཙུགས་ནི་ཨིན་པས།
ལས་འགུལ་༣ གྱིས་ གློག་མེའི་ནུས་ཤུགས་ཡོངས་བསྡོམས་ མེ་ག་ཝཱཊ་༡༠༤ ཐོན་སྐྱེད་འབད་ནི་ཨིན་མི་གིས་ ལོ་བསྟར་གློག་མེ་ཡུ་ནིཊ་ས་ཡ་༤༩༤ ཐོན་སྐྱེད་འབད་ཚུགས་ནི་དང་ རྩིས་ལོ་༢༠༢༥ ཚུན་ ལས་འགུལ་དེ་ཚུ་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༩.༢ དེ་ཅིག་ གནས་ནིའི་ཚོད་རྩིས་བཏོན་ཡོདཔ་ཨིན་པས།
ནང་འཁོད་ཁག་འབགཔ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་དང་ རིག་གསར་བཟོ་སྐྲུན་ དེ་ལས་ བཱཇྲ་བཟོ་སྐྲུན་ལས་སྡེ་ཚུ་ ལས་འགུལ་གྱི་ དབྱེ་ཁག་དང་པའི་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཁག་འབགཔ་བཟོ་སྐྲུན་ལས་སྡེ་ཚུ་ཡང་ ས་འོག་ལམ་དང་ ས་འོག་ལཱ་ཚུ་ ལག་ལེན་འཐབ་ནི་གི་ རིན་བསྡུར་བྱ་རིམ་ཐོག་ལས་ གདམ་འཐུ་འབད་ཡི་ཟེར་ཨིན་པས།
གློག་མེ་ལས་འགུལ་དབྱེ་ཁག་༢ པའི་ནང་ མེ་ག་ཝཱཊ་༩༠ འབད་མི་ ཇོ་མོ་རི་དང་ མེ་ག་ཝཱཊ་༥༤ འབད་མི་ གམ་རི་ མེ་ག་ཝཱཊ་༢༦ འབད་མི་ འབྲུག་བིན་དུ་༡ པ་དང་༢ པ་ དེ་ལས་ མེ་ག་ཝཱཊ་༢༥ འབད་མི་ བོད་སྒར་ནང་ གློག་མེ་ལས་འགུལ་ཚུ་ ཚུདཔ་ཨིན་པས།
ལས་འགུལ་ཚུ་ཡང་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༢༠ གཏང་ཐོག་ལས་ བཟོ་སྐྲུན་འབད་ནི་ཨིནམ་ད་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དབྱེ་ཁག་༢ པའི་ནང་ ལས་འགུལ་གྱི་ ཆ་ཚད་ཡར་སེང་འབད་ཡོདཔ་ལས་ ཁག་འབགཔ་ལས་སྡེ་ཚུ་གིས་ ལས་འགུལ་ཚུ་གི་དོན་ལུ་ དོ་འགྲན་འབད་འགོ་ཟེར་ཨིན་པས།
ཨིན་རུང་ ལས་འགུལ་ཆུང་བ་ ཀི་ལོ་ཝཱཊ་༢༥ འབད་མི་ བོད་སྒར་ནང་དང་ ཀི་ལོ་ཝཱཊ་༢༦ འབད་མི་ འབྲུག་བིན་དུ་ལས་འགུལ་ཚུ་ནང་ ཁག་འབགཔ་གསརཔ་ཚུ་གིས་ཡང་ བཅའ་མར་གཏོགས་ ཆོག་ནི་ཨིན་པས།
དབྱེ་ཁག་༢ པའི་ནང་ ཁག་འབགཔ་གསརཔ་༨ ཀྱིས་ དང་འདོད་བསྐྱེད་མི་ཚུ་གིས་ རིན་བསྡུར་བྱ་སྒོ་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ དེ་གི་གྲས་ལས་ ལས་འགུལ་༢ ཀྱི་དོན་ལུ་ ཁག་འབགཔ་༢ རྐྱངམ་གཅིག་ གདམ་འཐུ་འབད་འོང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ལས་འགུལ་གྱི་ དབྱེ་ཁག་༣ པའི་ནང་ ལས་འགུལ་བཟོ་སྐྲུ་ནང་ ཁག་འབགཔ་གསརཔ་ཚུ་ བཅའ་མར་གཏོགས་བཅུག་ནི་ཨིན་མི་དེ་ཡང་ འབྲུག་པའི་ཁག་འབགཔ་ཚུ་གི་ ལས་འགུལ་སྦོམ་གྱི་དོན་ལས་ ལྕོགས་གྲུབ་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
གློག་མེ་ལས་འགུལ་ དབྱེ་ཁག་དང་པ་༢ པའི་ནང་ ཟད་འགྲོ་ཡང་ དངུལ་ཀྲམ་ཐེར་འབུམ་༣༠ ལྷགཔ་ཅིག་ གནས་ནི་སྦེ་ ཚོད་རྩིས་བཏོན་ཏེ་ ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ནང་འཁོད་དང་ རྒྱལ་སྤྱི་དངུལ་འབྲེལ་གཙུག་སྡེ་ཚུ་ལས་ སྐྱིན་འགྲུལ་ལེན་ནི་ ལཱ་འབད་དོ་ཡོདཔ་ད་ བགོ་བཤའི་མ་རྩ་སྦེ་ ལས་འཛིན་གྱིས་ དངུལ་གསོག་འཇོག་ལས་ ལག་ལེན་འཐབ་དོ་ ཡོདཔ་ཨིན་པས།
འགོ་དཔོན་ཚུ་དང་འཁྲིལཝ་ད་ དབྱེ་ཁག་༢ པའི་དོན་ལུ་ རིན་བཀོད་ཚུ་ ལྷོད་དེ་ཡོདཔ་ད་ ལས་འཛིན་གྱིས་ སྤྱི་ཟླ་༨ པ་ལས་ ཞི་བའི་ལཱ་ཚུ་ བྱིན་ནི་ཨིནམ་ད་ བོད་སྒར་ནང་ལས་འགུལ་ནང་ ཉོགས་མེད་ལེན་ནི་ལུ་ དུས་ཚོད་འགོར་མི་མ་གཏོགས་ བཟོ་སྐྲུན་གྱི་ལཱ་གཞན་ཚུ་ སྤྱི་ཟླ་༡༠ པ་ལས་ འགོ་བཙུགས་ནི་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ལས་འགུལ་དབྱེ་ཁག་༢ པའི་དོན་ལུ་ ཁ་གསལ་བརྟག་ཞིབ་ཚུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ད་ ལས་འགུལ་ཚུ་ཡང་ ཀི་ལོ་ཝཊི་༣༣ འབད་མི་ སྤ་རོ་ཆུ་དང་ ཀི་ལོ་ཝཊི་༨༥ འབད་མི་ གམ་རི་ལས་འགུལ་༢ པ་ ཀི་ལོ་ཝཊི་༢༤ འབད་མི་ ཡུར་མོ་ཆུ་ དེ་ལས་ ཀི་ལོ་ཝཊི་༣༣ འབད་མི་ཤེར་ཆུ་དང་ ཀི་ལོ་ཝཱཊ་༦༤ འབད་མི་ འཇིགས་མེད་ཆུ་ཚུ་ ཚུདཔ་ཨིན་པས།ཝཱཊ་
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གློག་མེ་ལས་འགུལ་ དབྱེ་ཁག་༢ པའི་ གྲུབ་འབྲས་དང་འཁྲིལ་ཏེ་ འབྲུག་སླར་འབྱུང་གློག་ལས་འཛིན་གྱིས་ ལས་འགུལ་དབྱེ་ཁག་༣ པ་ འགོ་བཙུགས་འོང་ཟེར་ཨིན་པས།
གློག་མེ་ལས་འགུལ་དབྱེ་ཁག་༤ པའི་ནང་ མེ་ག་ཝཱཊ་༡༧༠ འབད་མི་ དྭངས་ཆུ་དང་ མེ་ག་ཝཱཊ་༣༦༣ འབད་མི་ རྐོ་མ་ཆུ་ དེ་ལས་ ཀི་ལོ་ཝཱཊ་༢༣༧ འབད་མི་ ལྗོངས་ཐང་ལས་འགུལ་ཚུ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement