༉ རྒྱ་གར་གཞུང་གི་ ལས་འགུལ་གྲོགས་རམ་མ་དངུལ་ གཞི་བཙུགས་ཐོག་ལས་ འཛམ་གླིང་མཐའ་འཁོར་མཐུན་རྐྱེན་དང་ སྔོ་ལྗང་གནམ་གཤིས་མ་དངུལ་གྱི་འོག་ལུ་ རྒྱལ་ཁབ་ནང་ གློག་ཤུགས་འགྲུལ་འཁོར་རྒྱ་སྐྱེད་ལས་འགུལ་ནང་ གློག་ཤུགས་འགྲུལ་འཁོར་དང་ གློག་ཤུགས་འགྲུལ་སྐྱེལ་བཱསི་ མང་སུ་སྦེ་མཐོང་ཚུགས་ནི་ཨིན་པས།
དེ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བརྡ་བརྒྱུད་གནས་ཚུལ་ཞལ་འཛོམས་ འཚོགས་པའི་སྐབས་ལུ་ གསལ་བཤད་འབད་ཡོདཔ་ཨིན་པས།
ད་ལྟོའི་གནས་སྟངས་ནང་ བཟུམ་ཅིག་འབད་བ་ཅིན་ གདོང་ལེན་ཚུ་ཡོདཔ་ད་ རྒྱལ་ཁབ་ནང་ གློག་ཤུགས་འགྲུལ་འཁོར་༤༢༤ ཐོ་བཀོད་འབད་མི་གིས་ བརྒྱ་ཆ་༠.༣ སྦེ་ཡོདཔ་ད་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ སྤྱི་ལོ་༢༠༢༣ ལུ་ སྤྱིར་བཏང་སྣུམ་འཁོར་༡༢༦,༥༠༡ ཐོ་བཀོད་འབད་ཡོདཔ་ཨིན་པས།
མོ་བཏབ་ཀྱི་ལས་འགུལ་དེ་ འབྲུག་ཡུན་བརྟན་ དུ་ཉུང་ཁྲོམ་ཚོགས་སྐྱེལ་འདྲེན་ལམ་ལུགས་ཟེར་ཨིནམ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༡༩ ལས་འགོ་བཙུགས་ རྒྱལ་ཁབ་ནང་ ས་སྣུམ་གྱི་གླ་འཁོར་༣༠༠ གི་ཚབ་ལུ་ གློག་ཤུགས་འགྲུལ་འཁོར་ཚུ་ ཡོདཔ་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ ལས་འགུལ་འགོ་བཙུགས་ཏེ་ རྒྱལ་ཁབ་ནང་ གློག་ཤུགས་འགྲུལ་འཁོར་ དེ་ཅིག་ར་ རྒྱ་སྐྱེད་འབད་མ་ཚུགས་པས་ཟེར་ཨིནམ་ད་ གཞུང་གི་ཁ་ཐུག་ལས་ མི་སེར་ གློག་ཤུགས་འགྲུལ་འཁོར་ཉོ་ནིའི་ དང་འདོད་ཡོད་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ གློག་ཤུགས་འགྲུལ་འཁོར་ཚུ་ ཁྲལ་ཡངས་སྦེ་ བཞག་ནི་ཨིན་ཟེར་ཨིན་པས།
གློག་ཤུགས་འགྲུལ་འཁོར་ལས་འགུལ་ནང་ གོང་ཚད་ལས་བརྒྱ་ཆ་༢༠ ཕག་ཆག་བྱིན་ནི་དང་ དེ་ཡང་ མཐོ་ཤོས་ཡུ་ཨེས་ཌི་༥,༥༠༠ ཨིནམ་ད་ དངུལ་འབྲེལ་ལས་ཁང་ཚུ་ནང་ལས་ སྐྱིན་འགྲུལ་བརྒྱ་ཆ་༧༠ བྱིན་ནི་ཨིན་པའི་ཁར་ གླ་འཁོར་དེད་གཡོགཔ་ གོང་ཚད་ཕབ་ཆག་ཐོབ་མི་ཚུ་གིས་ བརྒྱ་ཆ་༡༠ མ་གཏོགས་ སྔོན་བྱིན་སྤྲོད་མི་དགོ་ནི་ཨིན་པས།
གློག་ཤུགས་འགྲུལ་འཁོར་གྱི་རིགས་ཚུ་ཡང་ གོང་ཚད་དངུལ་ཀྲམ་ས་ཡ་༡.༥ ལས་འགོ་བཙུགས་ དངུལ་ཀྲམ་ས་ཡ་༣ ཚུན་ རང་སོའི་དབྱེ་ཁག་དང་འཁྲིལ་ ཡོདཔ་ཨིན་པས།
གླ་འཁོར་དེད་གཡོགཔ་ཅིག་གིས་ གློག་ཤུགས་འགྲུལ་འཁོར་ གོང་ཚད་དངུལ་ཀྲམ་ས་ཡ་༢.༣ འབད་མི་ཅིག་ཉོ་བ་ཅིག་ གོང་ཚད་ཕབ་ཆག་ བརྒྱ་ཆ་༢༠ དངུལ་ཀྲམ་༤༠༠,༠༠༠ འཐོབ་ནི་དང་ སྔོན་བྱིན་དེ་ དངུལ་ཀྲམ་༣༠༠,༠༠༠ སྤྲོད་དགོ་པའི་ཁར་ དངུལ་ཁང་ནང་ལས་སྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༡.༦ འཐོབ་ནི་ཨིནམ་ལས་ མི་ངོམ་དེ་གིས་ ཟླ་རིམ་བཞིན་དུ་ དངུལ་ཁང་ནང་ བསྐྱིན་ཚབ་དངུལ་ཀྲམ་༢༥,༠༠༠ རེ་སྤྲོད་དགོ་ནི་ཨིན་པས།
ཁོ་གིས་ འབད་བ་ཅིན་ གླ་འཁོར་དེད་གཡོགཔ་གིས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༢༥,༠༠༠ རེ་ སྐྱིན་ཚབ་སྤྲོད་མི་དེ་ ཟླཝ་ཅིག་ནང་ གླ་འཁོར་གི་ མར་ཁུའི་འཐུས་བཟུམ་ཅིག་མ་གཏོགས་ ཟད་འགྲོ་མི་འགྱོ་ཟེར་ཨིནམ་ད་ སྐྱིན་འགྲུལ་དེ་འབྱོར་བའི་བསྒང་ལས་ ཁེ་སང་ཡོད་ནི་བཟུམ་འདུག་ཟེར་ཨིན་པས།
གློག་ཤུགས་འགྲུལ་འཁོར་ ལག་ལེན་ལུ་ འབད་བརྩོན་བསྐྱེད་མི་དེ་ཡང་ སྐྱེལ་འདྲེན་གྱི་སྲིད་བྱུས་༢༠༢༡ ལས་༢༠༥༠ ཚུན་ལུ་ ལོ་༣༠ གི་རིང་ དུ་པ་མར་ཕབ་འབད་ཐབས་ཀྱི་ ཐབས་བྱུས་དང་བསྟུན་ དུ་ཉུང་གོང་འཕེལ་ཐབས་བྱུས་ལུ་ གཙོ་རིམ་སྒྲིག་སྟེ་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ ཐོན་ཁུངས་གཙོ་བོ་དེ་ སླར་འབྱུང་ནུས་ཤུགས་ལུ་བརྟེན་ཨིནམ་ད་ ས་སྣུམ་སྤྱོད་མི་དེ་ སྐྱེལ་འདྲེན་ནང་ མཐོ་ཤོས་སྦེ་ཡོདཔ་ལས་ འབྲུག་གིས་ སྤྱི་ལོ་༢༠༠༩ ལུ་ ཞལ་འཛོམས་ཐེངས་༡༠ པ་ འཚོགས་པའི་སྐབས་ དུ་པ་ཚུ་ ཚད་སྙོམས་ཐོག་བཞག་ནི་ལུ་ ཁས་བླངས་འབད་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༢༢ ནང་ འབྲུག་གིས་ ས་སྣུམ་ཀི་ལོ་ལི་ཊར་༡༤༤,༣༣༩.༨༥ ནང་འདྲེན་འབད་ཡོདཔ་ད་ ནང་འདྲེན་འབད་མི་ ས་སྣུམ་ཚུ་ མང་ཤོས་ར་ སྣུམ་འཁོར་གྱི་དོན་ལུ་ བགོ་བཀྲམ་འབད་བའི་ཁར་ ས་སྣུམ་པེ་ཊོལ་བཀྲམ་སྤེལ་དེ་ཡང་ སྤྱི་ལོ་༢༠༢༡ ནང་ཀི་ལོ་ལི་ཊར་༣༢,༨༡༩.༥ འབད་མི་ལས་ སྤྱི་ལོ་༢༠༢༢ ནང་ ཀི་ལོ་ལི་ཊར་༣༦,༦༩༦.༧༣ ལུ་ ཡར་སེང་སོང་ཡོདཔ་ད་ ས་སྣུམ་ ཌི་ཟིལ་བཟུམ་ཅིག་འབད་བ་ཅིན་ སྤྱི་ལོ་༢༠༢༡ ནང་ཀི་ལོ་ལི་ཊར་༢༩༠,༦༣༦ དང་ཕྱདཔ་ད་ སྤྱི་ལོ་༢༠༢༢ ནང་ཀི་ལོ་ལི་ཊར་༡༡༠,༣༤༩.༥ ལུ་ མར་བབས་སོང་ཡོདཔ་སྦེ་ མཐའ་འཁོར་གནས་སྟངས་ རྩིས་སྤྱད་སྙན་ཞུ་༢༠༢༣ ནང་ འཁོད་དེ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ས་སྣུམ་ནང་འདྲེན་དེ་ གཙོ་རིམ་ཅན་ཅིག་སྦེ་ཡོདཔ་ད་ བཟོ་གྲྭ་ཚོང་འབྲེལ་ རྩིས་སྤྱད་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༢ ལུ་ ས་སྣུམ་ནང་འདྲེན་ དངུལ་ཀྲམ་ཐེར་འབུམ་༡༡.༣༧ འབད་ཡོདཔ་ད་ འདས་པའི་ལོ་ལུ་ དངུལ་ཀྲམ་ཐེར་འབུམ་༡༣.༣༥ འབད་ཡོད་པའི་ གསལ་སྟོན་འབད་དོ་ཡོདཔ་ད་ སྤྱི་ལོ་༢༠༡༩ ལུ་ ནང་འདྲེན་དངུལ་ཀྲམ་ཐེར་འབུམ་༡༠,༢༦ འབད་ཡོདཔ་ཨིན་པས།
ས་སྣུམ་པེ་ཊོལ་ ལི་ཊར་རེ་གིས་ དུ་རླུང་ཀི་ལོ་ག་རམ་༢.༣ རེ་ ཐོན་དོ་ཡོདཔ་ལས་ སྤྱི་ལོ་༢༠༢༢ ནང་ ས་སྣུམ་པེ་ཊོལ་གྱིས་ དུ་རླུང་ཀི་ལོ་ག་རམ་༢༥༠,༠༠༠ ཐོན་ཡོདཔ་ད་ ཌི་ཟིལ་གྱིས་ འབད་བཅིན་ ཌི་ཟིལ་ལི་ཊར་རེ་གིས་ དུ་རླུང་ཀེ་ལོ་ག་རམ་༢.༧ ཐོན་དོ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༢ ནང་ ས་སྣུམ་ཌི་ཟིལ་ལུ་བརྟེན་ དུ་རླུང་ཀི་ལོ་ག་རམ་༢༩༠,༦༣༦ ཐོན་ཡོདཔ་སྦེ་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ གློག་ཤུགས་འགྲུལ་འཁོར་ལས་འགུལ་དེ་ ཁོ་ར་གཞུང་གཉིས་པ་ བཙག་འཐུ་གྲུབ་པའི་སྐབས་ལུ་ འགོ་བཙུགས་དོ་བཟུམ་འབད་བ་ཅིན་ ཧེ་མ་དང་མ་འདྲཝ་ཅིག་སྦེ་ར་ སྐྱེལ་འདྲེན་ཡུན་བརྟན་གོང་འཕེལ་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།