༉ པདྨ་དགའ་ཚལ་ ངང་ལམ་གྱི་མི་སེར་ཚུ་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ སྨན་ཁང་གསརཔ་ཅིག་དགོ་པའི་ རེ་ཆེ་བསྐྱེད་དེ་ཡོདཔ་ད་ སྲིད་དོན་ཚོགས་པ་ཚུ་གིས་ ཡང་ལས་ཡང་དུ་ གསོ་བའི་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་ལུ་ ཁས་ལེན་འབད་ཡོད་རུང་ བཙག་འཐུའི་ལས་རིམ་དེ་ གོ་རིམ་བཞིན་དུ་ གནས་ཡུན་ཚང་སྟེ་སོང་ཡོད་རུང་ ད་ལྟོའི་བར་ན་ཡང་ ཁས་བླངས་འགྲུབ་མ་ཚུགསཔ་ལས་ མི་སེར་ཚུ་ དབུགས་འགམ་སྟེ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ ཚེ་རིང་དངོས་གྲུབ་ཀྱིས་ བཤད་མིའི་ནང་ འབྲུག་མཉམ་རུབ་ཚོགས་པའི་ གཞུང་སྐྱོང་གི་སྐབས་ལུ་ ས་བསླང་རྟེན་འབྲེལ་འབད་བའི་ཤུལ་ལུ་ དེ་ཁར་ ཉལ་ཁྲི་༥༠ འབད་མི་ སྨན་ཁང་རྐྱབ་ནི་ཨིན་ཟེར་ཨིན་རུང་ ཚོགས་པ་གིས་ སྨན་ཁང་དེ་ ཡར་དྲག་བཟོ་ནིའི་ཁས་བླངས་ཚུ་ འབད་ཡོད་མི་ལུ་ ལཱ་ཚུ་ག་ནི་ཡང་ འབད་ནི་མིན་འདུག་ཟེར་ཨིན་པས།
མཇུག་གི་བཙག་འཐུའི་སྐབས་ལུ་ཡང་ སྲིད་ཚོགས་གཞན་མི་གིས་ཡང་ འདི་དང་ཅོག་འཐདཔ་སྦེ་ ཁས་བླངས་ཚུ་འབད་ཡོད་རུང་ སྨན་ཁང་གསརཔ་རྐྱབ་ནི་ལུ་ འཕྲོ་མཐུད་དེ་ར་ སྒུག་བཞིན་དུ་ཡོདཔ་ཨིན་པས།
ཨ་ལོ་༣ གྱི་ཨའི་ དོན་གྲུབ་སྒྲོལ་མ་གིས་ བཤད་མིའི་ནང་ ཉལ་ཁང་༡༠ འབད་མི་སྨན་ཁང་ཆུང་བ་དེ་རྐྱབ་སྟེ་ ལོ་ངོ་བཅུ་ཕྲག་༢ ལྷགཔ་ཅིག་སོང་ཡོདཔ་ད་ སྨན་ཁང་དེ་ཁར་ མཁོ་ཆས་མཐུན་རྐྱེན་ཚུ་ ཚངམ་སྦེ་མེད་ནི་དེ་གིས་ ཞབས་ཏོག་དོན་ལུ་ མོང་སྒར་དང་ ཡང་ན་ དགེ་ལེགས་ཕུག་སྨན་ཁང་ནང་ འགྱོ་དགོ་པས་ཟེར་ཨིནམ་ད་ དེ་ཡང་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་སུ་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་བར་ནའི་ འཁོར་ལམ་དེ་ བསུབས་པའི་བསྒང་ལས་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
མོ་གིས་ ནན་བསྐྱར་བཤད་མིའི་ནང་ གལ་སྲིད་ ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་ཚུ་འབད་བ་ཅིན་ སྐྱེ་དུས་མ་རནམ་ལས་ མཐུན་རྐྱེན་ལེགས་ཤོམ་ཡོད་པའི་ སྨན་ཁང་ཚུ་ནང་ འགྱོ་དགོ་པས་ཟེར་ཨིན་པས།
ཨ་ལོའི་ཨའི་གཞན་མི་ བཀྲིས་ཆོས་སྐྱིད་ཀྱིས་ མོ་རའི་ཚ་གྱང་བཤད་མི་དེ་ཡང་ ད་ལྟོ་ཡོད་པའི་སྨན་ཁང་དེ་ ཆུང་ཀུ་འབད་ནི་དེ་གིས་ སྨན་ཁང་ནང་འོང་མི་ནདཔ་ཚུ་ ཡུན་རིངམོ་སྦེ་ བསྒུགས་དགོཔ་ཐོནམ་མས་ཟེར་ཨིན་པས།
ངང་ལམ་ཁྲོམ་གྱི་འཐུས་མི་ ཚེ་རིང་དཔལ་འབྱོར་གྱིས་ བཤད་མིའི་ནང་ སྨན་ཁང་གི་མཐའ་སྐྱོང་དགོཔ་ གལ་ཅན་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ ངང་ལམ་དེ་ ཤར་ཕྱོགས་རྫོང་ཁག་༨ ཀྱི་དོན་ལུ་ སྒོ་ར་བཟུམ་ཅིག་ཨིན་ཟེར་ཨིན་པས།
གསོ་བའི་འཕྲོད་བསྟེན་ལེགས་བཅོས་འབད་ནི་དེ་ གལ་ཆེ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ ལོ་བསྟར་བཞིན་དུ་ ངང་ལམ་ལུ་ མི་རློབས་དེ་ ཡར་སེང་འགྱོཝ་མས་ཟེར་ ཨིནམ་བཞིན་དུ་ གལ་སྲིད་ སྨན་ཁང་གསརཔ་རྐྱབ་འདྲཝ་འབད་བ་ཅིན་ མོང་སྒར་དང་ གཞལམ་སྒང་རྫོང་ཁག་གི་ ཆ་ཤེས་སྦེ་ ངང་ལམ་གི་ རྒེད་འོག་གསུམ་གྱི་མི་སེར་ཚུ་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
བཙག་འཐུ་ལོག་འགོ་འདྲེན་འཐབ་པའི་སྐབས་ལུ་ ཧེ་མའི་གཞུང་གིས་ ངང་ལམ་ལུ་ ཉལ་ཁྲི་༥༠ འབད་མི་ སྨན་ཁང་དེ་ ངེས་པར་དུ་ དགོཔ་འདུག་ཟེར་ སླབ་ཡོད་རུང་ ཤུལ་ལས་འབད་བའི་བསྒང་ལས་ སྨན་ཁང་དེ་ ཉལ་ཁང་༢༠ ལུ་ མར་ཕབ་འབད་ནུག་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་གི་དུས་ཚོད་མ་ཚངམ་ཅིག་ལས་ ས་བསླང་རྟེན་འབྲེལ་ཚུ་ འབད་ཡོདཔ་ཨིན་རུང་ སྨན་ཁང་བཟོ་སྐྲུན་གྱི་ལཱ་དེ་ ད་ལྟོའི་བར་ན་ཡང་ འགོ་བཙུགས་མ་ཚུགས་ཟེར་ཨིནམ་ད་ ད་རེས་འབད་བའི་བསྒང་ལས་ ས་གནས་ཀྱི་མི་སེར་ཚུ་ལུ་ སྨན་ཁང་དེ་ རྐྱབ་ནི་ཨིན་ན་མེན་ཟེར་བའི་ སེམས་ཁར་དོགས་པ་ཡང་ ཆགས་དོ་ཡོདཔ་ཨིན་པས།
ཨིན་རུང་ ས་གནས་ཀྱི་འགོ་ཁྲིདཔ་ཚུ་གིས་ ཁོང་ལུ་ བརྡ་དོན་སྤྲོད་དོ་བཟུམ་འབད་བ་ཅིན་ སྨན་ཁང་རྐྱབ་ནི་དེ་ འཆར་གཞི་ནང་ཚུད་དེ་ ཡོད་ཟེར་ཨིནམ་ད་ ང་བཅས་ཀྱིས་ གནད་དོན་འདི་གི་སྐོར་ལས་ དྲིས་བཀོད་རེ་འབད་བའི་སྐབས་ལུ་ བཙག་འཐུ་ལས་གྲུབ་མི་ འཐུས་མི་ཚུ་གིས་ སྨན་ཁང་དེ་རྐྱབ་ནི་ཨིན་ཟེར་ སླབ་དོ་ཡོད་རུང་ ད་ལྟོའི་བར་ན་ཡང་ བཟོ་སྐྲུན་གྱི་དོན་ལུ་ ལཱ་འབད་ནི་མིན་འདུག་ཟེར་ཨིན་པས།
བཟོ་གྲྭ་དང་ཚོང་འབྲེལ་ ལཱ་གཡོག་བློན་པོ་བགྲེསཔ་ ཀརྨ་རྡོ་རྗེ་གིས་ བཤད་མིའི་ནང་ སྨན་ཁང་རྒྱ་སྐྱེད་ཀྱི་དོན་ལུ་ འཆར་གཞི་༡༣ པའི་ནང་ ཚུད་དེ་ཡོད་ཟེར་ཨིནམ་ད་ སྨན་ཁང་དེ་ རྐྱབ་ནི་ཨིན་ན་མེན་གྱི་སྐོར་ལས་ གཞུང་གི་ཕྱག་ལུ་ཡོད་ཟེར་ཨིན་པས།
གསོ་བ་ལྷན་ཁག་གི་ འགོ་དཔོན་གྱིས་འབད་རུང་ ཉལ་ཁང་༢༠ འབད་མི་ སྨན་ཁང་དེ་ འཆར་གཞིའི་ནང་ ཚུད་དེ་ཡོད་ཟེར་ཨིན་པས།
ད་ལྟོའི་གཞུང་གིས་ ངང་ལམ་སྨན་ཁང་དེ་ མཐུན་རྐྱེན་ཆ་ཚང་ཡོད་པའི་སྨན་ཁང་དང་ དེ་ཁར་ གསོ་བའི་འཕྲོད་བསྟེན་དང་འབྲེལ་བའི་ ཞབས་ཏོག་མཐུན་རྐྱེན་ཚུ་ཡང་ ག་ར་ཡོདཔ་སྦེ་བཟོ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།