༉ གལ་སྲིད་ འཆར་གཞི་དང་འཁྲིལ་ཏེ་འགྱོ་བ་ཅིན་ ངང་ལམ་དཔལ་འཛོམས་ཐང་ལུ་ དོ་ཕབ་སྐྱེལ་ས་ཁོངས་ཆེ་བ་དེ་ སྤྱི་ལོ་༢༠༢༦ གི་བར་མཚམས་ལུ་ སྒོ་ཕྱེ་ཚུགས་ནི་ཨིནམ་ལས་ ཤར་ཕྱོགས་རྫོང་ཁག་༦ ནང་ ཕྱིར་ཚོང་འཐབ་མི་དང་ ནང་འདྲེན་འབད་མི་ཚུ་གི་དོན་ལུ་ ཚོང་འབྲེལ་གྱི་ གོ་སྐབས་ཚུ་ ཡར་དྲག་གཏང་ཚུགས་ནི་ཨིན་པས།
འཕྲུལ་རིག་གི་ གནས་ཚད་མཐོ་ཤོས་ཡོད་མི་ དོ་ཕབ་སྐྱེལ་དེ་ནང་ དགོས་མཁོ་ཆེ་བའི་ མཐུན་རྐྱེན་ཚུ་ཡོདཔ་ད་ དེ་ཚུ་ནང་ བསིལ་མཛོད་དང་ ལྗིད་ཚད་འཇལ་ས་ ཆུ་ཐོག་བཀབ་མི་ གྲུ་ཆས་བསྐྱལ་སའི་ས་ཁོངས་ དེ་ལས་ ཉེན་ཁ་ཅན་གྱི་ཅ་ཆས་ཚུ་བཞག་ས་ ཅ་ཆས་ཕྱོགས་བཟུང་འབད་མི་ཚུ་བཞག་ས་ དེ་ལས་ ཕྱིར་ཚོང་གི་དོ་ཁང་ཚུ་ ཡོདཔ་ཨིན་པས།
ལས་འགུལ་དེ་ དབྱེ་ཁག་གཉིས་ནང་ བཟོ་སྟེ་ཡོདཔ་ད་ གོ་རིམ་དང་པའི་ནང་ ས་ཁོངས་བཟོ་སྐྲུན་དང་ ས་མཚམས་བྱང་རྩིག་ འཛུལ་སྒོ་དང་ འཐོན་སྒོ་ཚུ་གི་ ཉེན་སྲུང་ཁང་མིག་ སྣུམ་འཁོར་བཞག་ས་ འཁོར་ལམ་ གློག་ཐག་གི་ལམ་དང་ རྐང་ལམ་ དེ་ལས་ ཆུ་གཡུར་ཚུ་ བཟོ་སྐྲུན་འབད་ཚར་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཕྱིའི་བཟོ་བཀོད་བརྒྱ་ཆ་༦༠ དེ་ཅིག་ མཇུག་བསྡུ་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ལཱ་ཚུ་ ལེགས་ཤོམ་སྦེ་ར་ འགྱོ་དོ་ཡོདཔ་མ་ཚད་ དུས་ཚོད་ཁར་ཡང་ འགྱོ་དོ་ཟེར་ཨིནམ་ད་ ང་བཅས་ཀྱིས་ འཆར་གཞི་དང་འཁྲིལ་ཏེ་ ལཱ་འབད་ཚུགས་པའི་ ཐབས་ལམ་ཚུ་ བཏོན་དོ་ཟེར་ཨིན་པས།
དོ་ཕབ་སྐྱེལ་ས་ཁོངས་དེ་ནང་ ནང་འདྲེན་དང་ཕྱིར་ཚོང་གི་ ཅ་ཆས་ཚུ་བཞག་སའི་ ས་གོ་ཚུ་ཡང་ཡོདཔ་ད་ དེ་ནང་ མེ་ཊིག་ཊཱོན་༥༠༠ དེ་རེ་ ཤོང་ཚུགས་པའི་ཁར་ དོ་ཕབ་སྐྱེལ་ས་ཁོངས་དེ་ནང་ ཅ་ཆས་མེ་ཊིག་ཊཱོན་༢༠༠ དེ་ཅིག་ བཞག་ནིའི་དོན་ལུ་ བསིལ་མཛོད་མཐུན་རྐྱེན་དང་ ཅ་དམ་ཡིག་ཚང་ཡང་ ཡོདཔ་ཨིན་པས།
གོ་རིམ་༢ པའི་ནང་ བསིལ་མཛོད་མཐུན་རྐྱེན་དང་ ཅ་དམ་ཡིག་ཚང་ བཟོ་སྐྲུན་འབད་ནི་ཨིནམ་ད་ ཊི་ཨེན་ཀེ་བཟོ་སྐྲུན་གྱིས་ ད་ལྟོ་གི་ གོ་རིམ་འདི་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ས་ཁོངས་འཛིན་སྐྱོང་པ་ སྐལ་བཟང་གིས་ སླབ་མིའི་ནང་ ཆརཔ་རྐྱབ་ནི་དང་ ས་གོ་ཉུང་དྲགས་ དེ་ལས་ སྤུས་ཚད་ཅན་གྱི་ ཅ་ཆས་ཚུ་མེད་པའི་ གདོང་ལེན་ཚུ་ཡོད་རུང་ དོ་ཕབ་སྐྱེལ་ས་ཁོངས་དེ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་མཚམས་ཀྱི་སྦོ་ལོགས་ཁར་འབདཝ་ལས་ ལས་འགུལ་དེ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ ལས་འགུལ་དེ་ནང་ ཁྱད་རིག་དང་ ཁྱད་རིག་མེད་པའི་ ལས་མི་༦༠ དེ་ཅིག་གིས་ བཅའ་མར་གཏོགས་ཏེ་ཡོད་ཟེར་ཨིན་པས།
རྒྱ་གར་དང་ བང་ལ་དེཤ་བརྒྱུད་དེ་ ནང་འདྲེན་དང་ཕྱིར་ཚོང་གི་ བྱ་རིམ་ཚུ་ འཇམ་ཏོང་ཏོ་བཟོ་ཚུགས་ནི་ཨིནམ་ད་ དོ་ཕབ་སྐྱེལ་ས་ཁོངས་དེ་གིས་ ཤར་ཕྱོགས་དང་ལྟེ་བ་གི་ རྫོང་ཁག་དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་ད་ དེ་གིས་ ཚོང་འབྲེལ་ལུ་ འཇམ་ཏོང་ཏོ་དང་ ཕན་ཐོགས་ཅན་བཟོ་ཚུགས་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།