༉ དགོངས་ཞུ་འབད་མི་ ཞི་གཡོགཔ་༣ དང་ སྒེར་གྱི་ཚོང་པ་ཅིག་གིས་ གནམ་དགུན་ལུ་ སྤུ་ན་ཁ་ ཆུ་སྦུག་རྒེད་འོག་ ཧ་སྦིས་ས་གཡུས་ཚན་ནང་ ས་ཆ་ཨེ་ཀར་༢༨ ནང་ འབྲུ་སྣ་ཀར་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༡༠པའི་ནང་ འགོ་བཙུགས་མི་ ལས་འགུལ་དེ་ སྒེར་གྱི་ལས་སྡེ་ཅིག་ཨིན་མི་ ཇོ་ལ་ཚོང་སྡེ་གིས་ ཚོང་འབྲེལ་གྱི་དོན་ལུ་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ཇོ་ལ་ཚོང་སྡེ་གིས་ སོ་ནམ་འཕྲུལ་རིག་དང་ བཟའ་ཆས་འཕྲུལ་རིག་ ལོ་ཐོག་དང་ཤ་མུའི་ཐོན་སྐྱེད་ དེ་ལས་ ཚོང་འབྲེལ་མ་དངུལ་ཚུ་ནང་ མཁས་མཆོག་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
སོ་ནམ་དང་ བཟའ་འཐུང་འཕྲུལ་རིག་ནང་ མཁས་མཆོག་ཅིག་ཨིན་མི་ སྐྱེས་ལོ་༥༥ ལང་མི་ པདྨ་གྲགས་པ་དེ་ ཚོང་སྡེའི་ བཀོད་ཁྱབ་གཙོ་འཛིན་ཨིནམ་ད་ ཁོ་གིས་ ལོ་༡༤ གི་རིང་ གཞུང་གཡོག་ནང་ ཕྱག་ཞུ་བའི་ཁར་ ལོ་ངོ་བཅུ་ཕྲག་༡ གི་རིང་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
སོ་ནམ་རྒྱ་སྐྱེད་སྡེ་ཚན་ནང་ ལོ་ངོ་༡༧ གྱི་རིང་ ལཱ་འབད་མི་ སོ་ནམ་མཁས་མཆོག་ སྐྱེས་ལོ་༤༥ ལང་མི་ ཀུན་ལེགས་རྡོ་རྗེ་གིས་ ལོ་ཐོག་གི་ཐོན་སྐྱེད་ཚུ་ ལྟ་རྟོག་འབད་དོ་ཡོདཔ་ད་ སྐྱེས་ལོ་༤༡ ལང་མི་ ནོར་བུ་གིས་ ལོ་ངོ་༡༧ གྱི་རིང་ རྒྱལ་ཡོངས་ཤ་མུའི་ལྟེ་བ་ནང་ ཤ་མུའི་མཁས་མཆོག་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ ཁོ་གིས་ ཤ་མུའི་ཐོན་སྐྱེད་ འགོ་འདྲེན་འཐབ་དོ་ཡོདཔ་ད་ སྐྱེས་ལོ་༤༨ ལང་མི་ ཉི་མ་གིས་ ལོ་ངོ་༢༥ འི་རིང་ ཚོང་འབྲེལ་ནང་ ཕྱག་ཞུ་བའི་ ཉམས་མྱོང་ཡོདཔ་ད་ ཁོ་གིས་ དངུལ་འབྲེལ་དང་ མཁོ་སྒྲུབ་ལག་ལེན་ནང་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
ལས་འགུལ་གྱི་ མཉམ་རོགས་ཅིག་ཨིན་མི་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ ཀར་གྱི་ནང་འདྲེན་ མར་ཕབ་རྐྱབ་ནི་དང་ ས་ཞིང་སྟོངམ་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནིའི་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ ཀར་འཛུགས་སྐྱོང་རྒྱ་ཆེ་དྲགས་འབད་མི་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་པས།
ལས་འགུལ་གྱིས་ སོ་ནམ་དང་བཟོ་གྲྭ་འཕྲུལ་ཆས་ཚུ་ བཀྲམ་སྤེལ་དང་ རྒྱུན་སྐྱོང་གི་ ཐབས་ལམ་ཚུ་ཡང་ བཏོན་དོ་ཡོདཔ་ད་ དེ་ཡང་ བསིལ་མཛོད་མཐུན་རྐྱེན་དང་ བཟའ་འཐུང་བཟོ་སྒྱུར་ལམ་ལུགས་ སྔོ་ཚལ་ཆུ་ཤོག་ཁྱིམ་གྱི་བཟོ་བཀོད་ དེ་ལས་ ཆུ་གཡུར་ལམ་ལུགས་ལ་སོགས་པ་ཚུ་ཨིན་པས།
ལས་སྡེ་གིས་ ཁྱིམ་ནང་ ཤ་མུ་འཛུགས་སྐྱོང་འབད་ནི་དང་ ལོ་ཐོག་ཉེན་སྲུང་འབད་ནི་ དེ་ལས་ ས་ཞིང་འཕྲུལ་སྤྱོད་འབད་ནི་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ སའི་ཇོ་བདག་ཅིག་གིས་ ས་ཞིང་དེ་ རིན་མེད་སྟོང་པ་སྦེ་ བྱིན་ཡོདཔ་ལས་ སྡེ་ཚན་གྱིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༧ ལུ་ ཞིང་ལཱ་འགོ་བཙུགས་ཏེ་ ཉིནམ་༡༣ གྱི་ནང་འཁོད་ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
དུས་ཡུན་དེ་གི་རིང་ལུ་ ཁོང་གིས་ ས་གནས་ཀྱི་ སོ་ནམ་པ་༡༡༥ དང་ འཕྲུལ་གླང་ལག་ལེན་འཐབ་མི་ཚུ་ གླ་ཁར་ལེན་ཡོདཔ་ད་ ཁོང་གིས་ ས་གནས་ཀྱི་ མི་སྡེ་ལུ་ ལཱ་གཡོག་གི་གོ་སྐབས་ བྱིན་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ སོ་ནམ་གྱི་ སྐྱེ་ལྡན་གནས་སྟངས་ནང་ འབྲེལ་ཡོད་སྡེ་ཚན་གཞན་ཚུ་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིནམ་ད་ འཕྲུལ་ཆས་གླ་ཁར་ལེན་མི་དེ་གིས་ སོ་ནམ་འཕྲུལ་ཆས་ལས་འཛིན་ལུ་ ཚོང་འབྲེལ་ལེགས་ཤོམ་བཟོ་ཡོདཔ་ད་ སོན་ཉོ་མི་དེ་གིས་ རྒྱལ་ཡོངས་སོན་ལྟེ་བ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ལས་ ཁོང་གི་ཐོན་སྐྱེད་ཚུ་ ཚོང་འབྲེལ་ལེགས་ཤོམ་བཟོ་ཚུགས་ཅི་ཟེར་ ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས།
སོ་ནམ་པ་ཚུ་དང་ མཉམ་འབྲེལ་ཐོག་ལས་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ འབྲུག་གི་ ལོ་བསྟར་ཀར་གྱི་རྩིས་བིལ་ དངུལ་ཀྲམ་ས་ཡ་༣༣༠ལྷགཔ་ཅིག་གནས་མི་དེ་ མར་ཕབ་འབད་ཚུགས་ཟེར་ ཀུན་ལེགས་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ འབྲུག་གི་ ཆིག་སྒྲིལ་སོ་ནམ་དང་སྒོ་ནོར་རྩིས་ཞིབ་དང་འཁྲིལཝ་ད་ འབྲུག་གིས་ སྤྱི་ལོ་༢༠༢༣ ལུ་ ཀར་མེ་ཊིག་ཊཱོན་༨༣༧ ཐོན་སྐྱེད་འབད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༢ ལུ་དང་ཕྱདཔ་ད་ ཡར་སེང་སོང་ཡོདཔ་ད་ ཨིན་རུང་ འབྲུག་རྒྱལ་ཁབ་ནང་ ཀར་གྱི་ཐོན་སྐྱེད་དེ་ དུས་ཡུན་རིངམོ་སྦེ་ར་ མར་བབས་སོང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༩ ལུ་ མེ་ཊིག་ཊཱོན་༡,༣༡༩ ལས་ མར་བབས་སོང་ཡོདཔ་ཨིན་པས།
འདས་པའི་ལོ་ནང་ འབྲུག་གིས་ རྒྱ་གར་ལས་ དངུལ་ཀྲམ་ས་ཡ་༣༢༨.༣ གནས་པའི་ ཀར་ཀེ་ཇི་༨,༠༤༢,༩༥༣ དང་ དངུལ་ཀྲམ་ས་ཡ་༥.༧༦ གནས་པའི་ ཀོ་ཊི་ལས་ ཀེ་ཇི་༨༦,༥༠༢ ནང་འདྲེན་འབད་ཡོདཔ་ད་ སྤྱི་ལོ་༢༠༢༢ ལུ་ འབྲུག་གིས་ རྒྱ་གར་ལས་ དངུལ་ཀྲམ་ས་ཡ་༢༩༨.༢༨ གནས་པའི་ ཀར་མེ་ཊིག་ཊཱོན་༨,༦༥༩ (ཀེ་ཇི་༨,༦༥༩,༠༠༠) ནང་འདྲེན་འབད་ཡོདཔ་ཨིན་པས།
འབྲུག་གི་ ཚོང་འབྲེལ་གནས་སྡུད་༢༠༢༡ དང་འཁྲིལཝ་ད་ འབྲུག་གིས་ རྒྱ་གར་ལས་ དངུལ་ཀྲམ་ས་ཡ་༨.༩ གནས་པའི་ ཀར་དང་ དངུལ་ཀྲམ་ས་ཡ་༢༧༥.༦༡ གནས་པའི་ མེསི་ལིན་ཕྱེ་ ནང་འདྲེན་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༣ ལུ་ རྒྱ་གར་གཞུང་གིས་ འབྲུག་ལུ་ ཀར་མེ་ཊིག་ཊཱོན་༡༤,༡༨༤ དང་ ཀར་ཕྱེ་མེ་ཊིག་ཊཱོན་༥,༣༢༦ དེ་ལས་ མའེ་ད་ཕྱེ་ མེ་ཊིག་ཊཱོན་༡༥,༢༢༦ ཕྱིར་ཚོང་འཐབ་ཆོག་པའི་ གནང་བ་གནང་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement