༉ ལས་མི་ལས་ཁུངས་ཀྱིས་ ཡང་བསྐྱར་དུ་ འབྲུག་པའི་ལས་སྡེ་ཚུ་ལུ་ ཆུ་དུང་བཙུགས་སྒྲིག་འབད་མི་དང་ གློག་མེ་བཙུགས་སྒྲིག་འབད་ནིའི་ལཱ་ནང་ ཕྱི་མི་མ་བཙུགས་ཟེར་ ཉེན་བརྡ་འབདཝ་ཨིན་པས།
ལས་ཁུངས་ཀྱིས་ འབད་བ་ཅིན་ ལམ་ལུགས་དེ་ ཕྱི་མི་ལས་མི་བཙུགས་ནིའི་སྒྲིག་གཞི་ལུ་ གཞི་བཞག་ཐོག་འབད་ཡི་ཨིནམ་ད་ དེ་ཡང་ ང་བཅས་ནང་འཁོད་ཀྱི་ ལཱ་འབད་མི་ཚུ་ལུ་ རིག་རྩལ་གོང་འཕེལ་དང་ ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ ཨིན་ཟེར་ཨིན་པས།
ན་ཧིང་གི་ལོ་ལས་ གསལ་བསྒྲགས་ཁྱབ་སྤེལ་འབད་རུང་ བཟོ་སྐྲུན་ཇོ་བདག་ལ་ལོ་ཅིག་གིས་ དམ་འཛིན་ཅན་གྱི་ས་ཁོངས་ནང་ ཕྱིའི་ལས་མི་ཚུ་ འཕྲོ་མཐུད་དེ་ར་ བཙུགས་དོ་ཡོད་མི་གིས་ ནང་འཁོད་ཀྱི་ ཆུ་དུང་བཙུགས་སྒྲིག་འབད་མི་དང་ གློག་མེ་བཙུགས་སྒྲིག་འབད་མི་ཚུ་ལུ་ ལཱ་གཡོག་འཐོབ་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ལས་ཁུངས་ཀྱིས་ འབྲེལ་གནད་འབད་མི་དེ་ཡང་ ཐབས་བྱུས་རྒྱ་ཆེ་ས་ལས་ རིག་རྩལ་ཅན་གྱི་ ལས་མི་ཚུ་ ཕྱི་མི་འཛུལ་ཞུགས་སྒྲིག་གཞི་ནང་ ཉུང་སུ་བཙུགས་ནི་སྦེ་ འཁོད་དེ་ཡོད་ཟེར་ཨིནམ་ད་ ལྷན་ཁག་གིས་ འབད་བ་ཅིན་ ཕྱི་མི་ལས་མི་བཙུགས་ཆོག་མི་ཚུ་ཡང་ ས་ཁོངས་ནང་ ནང་འཁོད་ཀྱི་ལས་མི་རྩ་ལས་ར་ ཐོབ་མ་ཚུགས་པའི་ གནས་སྟངས་ནང་ཡོད་པའི་ བདེན་རྟགས་བཀོད་ཐོག་ལས་ འབད་ན་མ་གཏོགས་ གཞན་མ་ཆོགཔ་སྦེ་ཡོད་ཟེར་ཨིན་པས།
འདི་བཟུམ་གྱི་ ལཱ་འབད་མི་ཚུ་ མ་ལང་པའི་གནས་སྟངས་ མི་ཤར་ནིའི་དུས་ཚོད་ཁར་ ལྷོད་དེ་ཡོདཔ་ལས་ ཕྱི་མི་ཚུ་ བཙུགས་དགོཔ་མེད་ཟེར་ཨིན་པས།
གསལ་བསྒྲགས་ལྟར་དུ་འབད་བ་ཅིན་ ལས་སྡེ་ཚུ་གིས་ གསལ་བསྒྲགས་ལུ་མ་གནས་པར་ ཚུལ་མིན་རེ་འབད་བ་ཅིན་ སྒྲིག་གཞི་དང་ ཁྲིམས་མཐུན་ལྟར་ བསྟར་སྤྱོད་འབད་ནི་ཨིན་ཟེར་ཨིན་པས།
ལས་ཁུངས་ཀྱིས་ གལ་སྲིད་ཕྱི་མི་ཆུ་དུང་བཙུགས་སྒྲིག་འབད་མི་དང་ གློག་མེ་བཙུགས་སྒྲིག་འབད་མི་ཚུ་ ལས་གཡོག་བདག་སྐྱོང་གཙོ་འཛིན་དང་ ལཱ་གི་ཆོག་ཐམ་ནང་ ཁ་གསལ་བཀོད་དེ་མེད་པར་ ལཱ་བཀོལ་མི་རེ་ཐོན་པ་ཅིན་ ཚུལ་མིན་ཐབས་པའི་གྲངས་ལུ་ བསྟར་སྤྱོད་འབད་ནི་ཨིན་ཟེར་ཨིན་པས།
ཁྲིམས་འགལ་གྱི་ལཱ་འབད་མི་ཚུ་ ལཱ་གཡོག་དང་ ལས་མིའི་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༢༢༡-༢༢༢ ལྟར་དུ་ གནས་རིམ་བཞི་པའི་ཉེས་ཆེན་ སྨིན་དགོ་ནི་ཨིནམ་ལས་ དོན་ཚན་དེ་ ལས་སྡེ་ཚུ་ལུ་ བསྟར་སྤྱོད་འབད་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ འཁྲི་སྣོན་འབད་མི་ ཕྱི་མི་ལས་མིའི་འཛིན་སྐྱོང་ བཅའ་ཡིག་དང་སྒྲིག་གཞི་ཚུ་ ནང་འཁོད་ཀྱི་ལས་མི་གིས་ ལང་ཚུགས་པའི་ ས་ཁོངས་ནང་ ཕྱི་མི་ལས་མི་འཛུལ་ཞུགས་འབད་དེ་ཡོད་པ་ཅིན་ སྒྲིག་གཞི་ཚུ་ དམ་དམ་སྦེ་ར་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
སྒྲིག་གཞི་ལྟར་དུ་འབད་བའི་བསྒང་ལས་ ཕྱི་མི་ཅིག་གིས་ ཁྲིམས་བརྒལ་གྱི་ལཱ་རེ་ འབད་ཐོན་སོ་པ་ཅིན་ འདི་ལུ་ཉེས་ཆད་ཉིན་བསྟར་ལས་མིའི་གླ་ཆ་ལས་ ཚར་༩ འབད་མི་དེ་ ཐེངས་དང་པའི་སྐབས་སུ་ བཀལ་ནི་དང་ ཐེངས་གཉིས་པའི་སྐབས་ལུ་ ལཱ་གཡོག་གི་ཆོག་ཐམ་ ཆ་མེད་གཏང་ནི་དང་ ལས་མི་དེ་ ཕྱི་མི་ནང་སྐྱོད་ལས་ཁུངས་ལུ་རྩི ས་སྤྲོད་འབད་དེ་ ལོག་ཁོང་རའི་ས་ཁོངས་ནང་ བཏང་ནི་ཨིན་ཟེར་ཨིན་པས།
རྩི་རང་དང་ དར་དཀར་ནང་གི་གློག་མེ་དང་ ཆུ་དུང་བཙུགས་སྒྲིག་འབད་མིའི་འགོ་ཁྲིདཔ་ པར་སུ་རམ་ཆམ་ལཱ་ག་ཡེ་གིས་ འབད་བ་ཅིན་ འབྲུག་པའི་ལས་མི་ཚུ་ སྦྱོང་བརྡར་བྱིན་ཏེ་ སྤུས་ཚད་དང་ལྡནམ་སྦེ་ཡོདཔ་ལས་ གལ་སྲིད་ ཕྱི་མི་ཚུ་གིས་ར་ ལཱ་དེ་འབད་དེ་ སྡོདཔ་འདྲཝ་འབད་བ་ཅིན་ ང་བཅས་ཀྱི་མི་ཁུངས་ཚུ་ ལཱ་འབད་ནི་ནང་ སེམས་ཞནསུ་སོང་སྟེ་ སྦྱོང་བརྡར་བྱིན་མི་དེ་ཡང་ ཁུངས་མེདཔ་འགྱོ་ནི་མས་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་དང་ སྤེལ་ཁང་གཞན་ཚུ་ནང་ལས་ མཐར་འཁྱོལ་མི་ན་གཞོན་ཚུ་ ལཱ་གཡོག་གི་གོ་སྐབས་དེ་ཅིག་ར་ ཐོབ་མི་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement