༉ གསར་སྤང་ལུ་ཡོད་པའི་ ཆུ་འཛོམས་རྒེད་འོག་གི་ མི་སེར་ཚུ་གིས་ དམིགས་བསལ་དུ་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་ཀྱི་ ལས་འགུལ་དེ་ འགོ་བཙུགས་ནི་ཨིནམ་ལས་ འཁོར་ལམ་གྱི་མཐུན་རྐྱེན་དེ་ ལེགས་ཤོམ་བཟོ་དགོཔ་འདུག་ཟེར་ སླབ་ཨིན་པས།
ད་རེས་ནངས་པར་ བདེ་སྐྱིད་གླིང་ རྡོ་ལུང་སྒང་ལས་ ཆུ་འཛོམས་རྒེད་འོག་ལྟེ་བ་ཚུན་ ཀི་ལོ་མི་ཊར་༤༥ འབད་མི་འཁོར་ལམ་དེ་ ས་གནས་ཁག་ལེ་ཤ་ཅིག་ནང་ ས་རུད་ཀྱིས་ གནོད་སྐྱོན་སྦོམ་སྦེ་ར་རྐྱབ་སྟེ་ཡོདཔ་ད་ ལམ་དེ་གི་ས་ཁོངས་དག་པ་ཅིག་ འདས་པའི་སྤྱི་ཟླ་༧ པའི་ནང་ ཆུ་གིས་ འཕྱགས་བདའ་ཡོདཔ་ལས་ འགྲུལ་པ་ཚུ་ལུ་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
དམངས་མི་ པེ་རེམ་བྷ་དུར་ ག་ལེ་གིས་ སླབ་མིའི་ནང་ སྣུམ་འཁོར་༢ རྒྱུན་འགྲུལ་འཐབ་ཚུགས་པའི་ འཁོར་ལམ་དེ་ ཆུ་འཛོམས་ལུ་ སྡོད་མི་ཚུ་གི་དོན་ལས་ ཁག་ཆེ་མི་དེ་ཡང ཁོང་གིས་ ཇི་ཨེམ་སི་གི་ ལས་འགུལ་ལས་ དཔལ་འབྱོར་གྱི་ཁེ་ཕན་ཚུ་ འཐོབ་ཚུགས་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ང་བཅས་རའི་ སྤྱི་ཚོགས་ཀྱི་འཐུས་མི་གིས་ འཕྲལ་ཁམས་ཅིག་ཁར་ ལྟ་སྐོར་འབད་བའི་སྐབས་ལུ་ ང་བཅས་ཀྱིས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ དཀའ་ངལ་དེ་ སེལ་ཐབས་མ་འབད་བ་ཅིན་ ད་རུང་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་ ཐོགས་ལུས་ནི་མས་ཟེར་ཨིན་མས།
དམངས་མི་གིས་ བཤད་མིའི་ནང་ ཇི་ཨེམ་སི་ལས་འགུལ་ནང་ མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་ འགོ་བཙུགས་ཞིནམ་ལས་ སྐྱེ་ལྡན་ལྟ་བཤལ་དང་ སྤྲོ་གསེང་གི་དོན་ལུ་ ལྟ་བཤལཔ་ཚུ་ འོང་ཚུགས་པའི་ ཁེ་ཕན་འདུག་ཟེར་ཨིན་པས།
མི་སེར་ཚུ་གིས་ ཇི་ཨེམ་སི་ལས་འགུལ་དེ་གིས་ ཁོང་རའི་མི་སྡེ་ལུ་ ཁག་ཆེ་བའི་ ཐོན་སྐྱེད་ཚུ་ བྱིན་ཚུགས་ནི་ཨིནམ་ལས་ དེ་གིས་ ཁོང་གི་དཔལ་འབྱོར་ལུ་ འགྱུར་བ་འོང་ནི་མས་ཟེར་ཨིན་པས།
གོང་འཕེལ་དེ་གིས་ གཞི་རྟེན་མཐུན་རྐྱེན་དང་ ས་ཁོངས་རྒྱ་ཆེ་ཤོས་ཚུ་དང་ འབྲེལ་མཐུད་འབད་མི་ འཁོར་ལམ་གྱི་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་ཚུགས་ཟེར་ པེ་རེམ་བྷ་དུར་ ག་ལེ་གིས་ བཤདཔ་ཨིན་པས།
ཇི་ཨེམ་སི་སྦོ་ལོགས་ཁར་ཡོད་མི་ལུ་བརྟེན་ ས་ཆ་དེ་ནང་ མ་རྩ་ཡར་སེང་འབད་ཚུགས་ནི་དང་ ས་གནས་ཀྱི་མི་སེར་ཚུ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་དང་ གསར་སྤང་གི་ སའི་ཇོ་བདག་ལ་ལོ་ཅིག་ལུ་ ལས་འགུལ་གྱིས་ གནོད་སྐྱོན་རྐྱབ་པ་ཅིན་ ས་གནས་དེ་ནང་ལས་ ས་ཚབ་སྤྲོད་ནི་མས་ཟེར་ཨིན་པས།
ལྷ་ཡུལ་ཚོགས་པ་ ན་རེན་ད་ར་ གི་མི་རི་གིས་ སླབ་མིའི་ནང་ གོ་སྐབས་གསརཔ་འོང་མི་དང་བསྟུན་ འཁོར་ལམ་ལེགས་ཤོམ་བཟོ་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ རྒྱུན་ལམ་གྱི་མཐུན་རྐྱེན་ཚུ་ ལེགས་ཤོམ་བཟོ་ནི་དང་ ཞབས་ཏོག་ཚུ་ འཐོབ་ཚུགསཔ་བཟོ་ནི་དེ་ སྤྱིར་བཏང་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཁག་ཆེཝ་ཨིན་ཟེར་ཨིན་པས།
ད་རེས་ནངས་པར་ ཆུ་འཛོམས་ཀྱི་མི་སེར་ཚུ་ དགོས་མཁོ་ཆེ་བའི་ ཅ་ཆས་ཚུ་ དགེ་ལེགས་ཕུག་ལུ་བརྟེན་དོ་ཡོདཔ་ཨིན་རུང་ འཁོར་ལམ་གྱི་གནས་སྟངས་ སྐྱོ་དྲགས་ཡོད་ནི་དེ་གིས་ འགྲོ་འགྲུལ་འབད་ནི་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ས་རུད་ཆད་མི་ལུ་བརྟེན་ འཁོར་ལམ་དེ་ ཧེང་སྐལ་ར་ མེདཔ་ཐལ་ཡོདཔ་ཨིན་པས།
རྩི་ནག་གཏང་ནིའི་ལཱ་དེ་ ཨེཊ་བིར་ཌརསི་དང་ རྟ་མཆོག་བཟོ་སྐྲུན་གྱིས་ འབད་ཡོདཔ་བཞིན་དུ་ ནོར་བཟང་བཟོ་སྐྲུན་གྱིས་ རྡོ་ལུང་སྒང་ལུ་ ཀི་ལོ་མི་ཊར་དག་པ་ཅིག་གི་ལཱ་ཚུ་ མཇུག་བསྡུ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ ད་རུང་ ཆུ་འཛོམས་རྒེད་འོག་ལྟེ་བ་དང་མཐུད་སྦྲེལ་འབད་མི་ ཆོས་འཁོར་གླིང་ལས་ བདེ་སྐྱིད་གླིང་ལུ་ཡོད་པའི་ ཟུར་བཞག་ལྟེ་བ་ཚུན་ ཀི་ལོ་མི་ཊར་༥.༥ འབད་མི་ རྒྱལ་ཡོངས་གཞུང་ལམ་དེ་ རྩི་ནག་གཏང་ནིའི་ འཆར་གཞི་ཡོད་པའི་ཁར་ རྡོ་ལུང་སྒང་ལུ་ རོང་ཆུའི་གུ་ལས་ ཟམ་ཅིག་རྐྱབ་ནི་ཨིན་པས།
གསར་སྤང་ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལཱ་དེ་ གནམ་གཤིས་སྐམ་པའི་དུས་ཚོད་ལུ་ མཇུག་བསྡུ་ཚུགས་ནིའི་དོན་ལུ་ འཕྲལ་མགྱོགས་ར་ རིན་བསྡུར་འབད་འོང་ཟེར་ཨིནམ་ད་ ལས་འགུལ་འདི་གི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༢.༩ བགོ་བཀྲམ་འབད་ཡོདཔ་ཨིན་པས།
རྩི་ནག་གཏང་ནིའི་དོན་ལུ་ རྒེད་འོག་ལྟེ་བའི་འཁོར་ལམ་༢༡ ཡོད་པའི་གྲས་ལས་ ཆུ་འཛོམས་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ གཅིག་ཨིནམ་ད་ རྩི་ནག་གཏང་ནིའི་ལཱ་ཚུ་ སྤྱི་ཟླ་༡༢ པའི་ནང་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།