༉ འཁོར་ལམ་བདའ་སྟེ་ གཞིས་ཆགས་ནི་ བཤོལ་བཞག་ཡོད་རུང་ ད་རེས་ནངས་པ་ སྤུ་ན་ཁ་ ལྕང་ཡུལ་ལུ་ གཞི་སྒྱུར་སྦོམ་སྦེ་ར་སོང་སྟེ་ མོ་ཆུ་གི་ ཉེ་འདབས་ལས་ཕར་ ཁྲོམ་ཆུང་ཀུ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ད་རེས་ ས་ཁོངས་དེ་ནང་ བཟའ་ཁང་དང་ ཚོང་ཁང་གིས་ མ་ཚད་པར་ ཕུཊི་བཱོལ་རྩེ་ནི་གི་ རྩེད་ཐང་ཅིག་ཡང་ཡོདཔ་ད་ ད་རེས་ མོ་ཆུ་བདའ་སྟེ་ སྒྲིང་ཁྱིམ་གསརཔ་༡༥ ཡང་ རྐྱབ་ཡོདཔ་ཨིན་པས།
ལྕང་ཡུལ་བུམོ་དགའ་ལེགསམོ་གི་ མི་རྒྱུད་ཀྱི་ ཁྱིམ་ཡང་ཡོདཔ་བཞིན་དུ་ ནང་འཁོད་དང་ རྒྱལ་སྤྱི་ལྟ་བཤལ་༢ ཆ་ར་ འོང་དོ་ཡོདཔ་ཨིན་པས།
ས་ཁོངས་ནང་ གོང་འཕེལ་གྱི་ ལཱ་ཚུ་འབད་དེ་ཡོདཔ་ལས་ ཆུ་རུད་ཀྱིས་ ཉེན་ཁ་ཡོདཔ་ཨིན་པས།
སྡོད་ཁྱིམ་དང་ ཚོང་འབྲེལ་ཚུ་ མོ་ཆུ་ལས་ མི་ཊར་དག་པ་ཅིག་གི་ ས་ཁར་ཡོདཔ་ལས་ ས་གནས་ནང་སྡོད་མི་ཚུ་ དམིགས་བསལ་དུ་ གནམ་བྱཱར་གྱི་སྐབས་ གཙང་ཆུ་བྲེས་ཏེ་ འཁོར་ལམ་གྱི་ཚད་གཞི་དང་ འདྲན་འདྲ་འོང་དོ་ཡོདཔ་ལས་ ནམ་ར་འབད་རུང་ ཆུ་རུད་འཐོན་ནིའི་ ཉེན་ཁ་དང་ ཚ་གྱང་ལང་སྟེ་ སྡོད་དོ་ཡོདཔ་ཨིན་པས།
ལྕང་ཡུལ་ལུ་སྡོད་མི་ སྐྱེས་ལོ་༣༩ ལང་མི་ ཀ་ལུ་གིས་ སླབ་མིའི་ནང་ ཆུ་རུད་འཐོན་ནི་ ཉེན་བརྡའི་སྒྲ་སྐད་ གོ་བའི་སྐབས་ གནམ་ནུབ་མོ་ ཉེན་སྲུང་གི་ས་ཁོངས་ནང་ འགྱོ་ནི་དེ་ གཏན་འཇགས་ཀྱི་ ལཱ་བཟུམ་ཅིག་སྦེ་ ཡར་སོ་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གནམ་བྱཱར་གྱི་སྐབས་ མོ་དང་ མོ་རའི་བཟའ་ཚང་ཚུ་ དམིགས་བསལ་དུ་ ཆརཔ་ཤུགས་སྦེ་རྐྱབ་ད་ འདྲོག་བྱེལ་འཐབ་སྟེ་ སྡོད་དགོ་དོ་ཡོདཔ་ད་ ད་རེས་ནངས་པར་ གནས་གཤིས་གནས་སྟངས་དེ་ཡང་ འཕྲལ་འཕྲལ་ ཉིམ་ཤར་བའི་ཁར་ འཕྲལ་འཕྲལ་ཆརཔ་རྐྱབ་མས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་གཞན་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ མ་གཞི་ ས་གནས་ནང་སྡོད་མི་ཚུ་གི་ ཉེན་ཁའི་སྐོར་ལས་ ལེགས་ཤོམ་སྦེ་ཧ་གོ་ཡོད་རུང་ ས་གོ་གཞན་མེད་མི་ལུ་བརྟེན་ ཐབས་ར་མེད་པར་ སྡོད་དགོཔ་བྱུངམ་མས་ཟེར་ཨིན་པས།
རྒྱལ་ཡོངས་གནམ་གཤིས་དང་ ཆུ་དཔྱད་ལྟེ་བ་གིས་ ཆུ་གི་ཚད་གཞི་ ཡར་སེང་འགྱོ་ནིའི་ ཉེན་བརྡ་འབད་དེ་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ བཀྲིས་ཐང་དང་ འོད་སྦི་སའི་ ཆུ་གི་ཚད་གཞི་དེ་ ཡར་སེང་སོང་ཡོད་པའི་ ཉེན་བརྡ་འབད་ཡོདཔ་ལས་ ལྕང་ཡུལ་བརྩིས་ཏེ་ མོ་ཆུ་མཐའམ་བདའ་སྡོད་མི་ག་ར་ ཉེན་བརྡ་འབད་ཡོདཔ་ཨིན་པས།
དེ་བསྒང་ འོད་སྦི་ས་གི་ ཆུ་གི་ཚད་གཞི་དེ་ མི་ཊར་༣.༥ དེ་ཅིག་ ཡར་སེང་སོང་ཡོདཔ་ལས་ ཆུ་རུད་འཐོན་ནི་གི་ ཉེན་ཁ་སྦོམ་སྦེ་ར་ སྡོད་ཡོདཔ་ཨིན་པས།
གཙང་ཆུ་བདའ་སྟེ་སྡོད་མི་ ལྕང་ཡུལ་དང་ སྟོད་ཝང་རྒེད་འོག་གི་ མི་སེར་ཚུ་ལུ་ཡང་ ཉེན་བརྡ་འབད་ཡོདཔ་བཞིན་ ས་ཁོངས་ནང་སྡོད་མི་ཚུ་ལུ་ གལ་སྲིད་ ཆུ་གི་ཚད་གཞི་དེ་ ཡར་སེང་འགྱོ་བ་ཅིན་ ས་གནས་གཞན་ཁར་ གནས་སྤོ་འགྱོ་ནི་ལུ་ གྲ་སྒྲིག་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་བསྒང་ འོད་སྦི་སའི་ གཙང་ཆུའི་ཚད་གཞི་དེ་ མི་ཊར་༣.༥ དེ་ཅིག་ ཡར་སེང་སོང་ཡོདཔ་ལས་ ཆུ་རུད་འཐོན་ནི་གི་ ཉེན་ཁ་སྦོམ་སྦེ་ར་ སྡོད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༨ ཀྱི་ དྲོ་པའི་ཆུ་ཚོད་༡༢:༣༠ དེ་ཅིག་ཁར་ དགོན་ཤར་རི་རྒེད་འོག་ དྭངས་ཆུ་ཁ་སྤྱི་འོག་ནང་ ཆུ་རུད་ཐོན་པའི་སྐབས་ལུ་ཡང་ ལྕང་ཡུལ་ལུ་སྡོད་མི་ཚུ་ལུ་ ཉེན་བརྡ་འབད་ཡོདཔ་བཞིན་དུ་ ཉེན་སྲུང་གི་ས་ཁོངས་ ཁུ་རུ་ཐང་ཁྲོམ་ཁར་ སོང་ཡོདཔ་ཨིན་པས།
རྒྱལ་ཡོངས་གནམ་གཤིས་དང་ ཆུ་དཔྱད་ལྟེ་བའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ཟླ་༨ པ་དང་༩ པ་དེ་ གནམ་བྱཱར་གྱི་ དུས་ཚོད་ཆ་ཤས་ཅིག་ཨིནམ་ལས་ དམིགས་བསལ་དུ་ ཆུ་གི་མཐའམ་བདའ་སྡོད་མི་ཚུ་ སེམས་དྲནམ་བཏོན་ཏེ་ སྡོད་ཐོག་ལས་ གནམ་གཤིས་དང་ ཆུ་རུད་འཐོན་ནི་གི་ཉེན་བརྡ་ཚུ་ ལེགས་ཤོམ་སྦེ་བལྟ་དགོཔ་ གལ་ཆེ་ཟེར་ཨིན་པས།
ལྟེ་བ་གིས་ ཞིབ་འཚོལ་ཅིག་འབད་མི་དང་འཁྲིལ་བ་ཅིན་ ཁྱེགས་མཚོ་རྦེད་འོང་སྟེ་ སྤུ་ན་ཁ་ལུ་ ཆུ་རུད་ཐོན་ནི་གི་ ཉེན་ཁ་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ད་ སྤྱི་ལོ་༡༩༩༤ ལུ་ ཐོར་ཐོ་མི་མཚོ་དང་ རབ་ཕྲེང་མཚོ་རྦེད་འོང་སྟེ་ ཚར་༣ དེ་ཅིག་ ཆུ་རུད་ཐོན་མི་ལུ་བརྟེན་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཕོ་ཆུ་དང་ སྤུ་ན་གཙང་ཆུ་མཐའམ་བདའ་སྟེ་ ཚན་རིག་བརྡ་དོན་དང་འཁྲིལ་ཏེ་ ཐབས་ལམ་ཚུ་ བཏོན་བཞིན་དུ་ཡོད་ཟེར་ཨིན་པས།
ལུང་ནག་ནང་ ཐོར་ཐོ་མི་མཚོ་ཡང་ ཚ་དྲོད་ཡར་འཕར་ལུ་བརྟེན་ རྦེད་འོང་ཡོདཔ་ད་ ལྟེ་བའི་དབྱེ་ཞིབ་སྡེ་ཚན་གྱིས་ ཁྱེགས་མཚོ་རྦེད་འོང་ནི་ ཉེན་ཁ་དེ་ ཡར་སེང་སོང་ཡོདཔ་སྦེ་ མཐོང་ཡོདཔ་ད་ ལུང་ནག་ནང་ལུ་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནིའི་ ལས་རིམ་དེ་ དབྱེ་ཞིབ་སྡེ་ཚན་གྱི་ རྒྱབ་སྣོན་དང་འཁྲིལ་ཏེ་ཨིན་པས།
ཧེ་མ་ ཚ་དྲོད་ཡར་འཕར་ལུ་བརྟེན་ ཐོར་ཐོ་མི་མཚོ་ རྦེད་འོང་ཡོད་པའི་ ཉམས་མྱོང་ཡོད་རུང་ ད་རེས་ ལྕང་ཡུལ་ནང་སྡོད་མི་ཚུ་ ས་གོ་གཞན་ཁར་ སྤོ་བཤུད་འབད་ནི་ འཆར་གཞི་ཚུ་ ག་ནི་ཡང་མེདཔ་ཨིན་པས།
མོ་ཆུ་དང་ཕོ་ཆུ་དེ་ ཁྱེགས་དང་མཚོ་ལས་ འབབ་དོ་ཡོདཔ་ལས་ ཉེན་ཁ་ཡོདཔ་ཨིན་པས།
མོ་ཆུ་གི་རྐ་དེ་ གངས་སྤྱི་སྟག་དང་ མ་ས་སྒང་དང་ ཕོ་ཆུ་གི་རྐ་དེ་ བཙན་དར་སྒང་དང་ ཊེ་བཱལ་མའུ་ཊེན་ཚུ་ཨིན་པས།
མོ་ཆུ་གི་སྟོད་ལུ་ ཁྱེགས་མཚོ་གི་ ཉེན་ཁ་༢ དང་ ཕོ་ཆུའི་རྐ་གུ་ལུ་འབད་བ་ཅིན་ ཉེན་ཁ་༩ དེ་ཅིག་ངོས་འཛིན་འབད་དེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།