༉ བཀྲིས་སྒང་སག་སྟེང་ལས་ སྐྱེས་ལོ་༤༠ ལང་མི་ སངས་རྒྱས་སྒྲོལ་མ་གིས་ ཁོང་རའི་ མི་སྡེ་ནང་སོང་སྟེ་ འཐུང་ཆུ་བཀྲམ་སྤེལ་ནང་ འཕྲལ་འཕྲལ་སྦེ་ར་ བར་ཆད་བྱུང་དོ་ཡོད་པའི་སྐོར་ལས་ ལོ་རྒྱུས་སླབ་དོ་ཡོདཔ་ཨིན་པས།
ས་གནས་ནང་འབད་བ་ཅིན་ ཆུ་སྲུངཔ་ཟེར་ སླབ་དོ་ཡོད་མི་ སངས་རྒྱས་སྒྲོལ་མ་གིས་ འགོ་དང་པ་ར་ ཁྱིམ་ཚང་ཚུ་ལུ་ འགྲུལ་འཕྲིན་གཏང་ནི་དང་ ཡང་ཅིན་ ཡོངས་འབྲེལ་ཝི་ཅེཊ་ཐོག་ལས་ གལ་སྲིད་ ཆུ་དུང་ནང་ ཆུ་ཆད་པའི་སྐབས་ལུ་ མོ་གིས་ ཆ་རོགས་འབད་དགོ་པའི་སྐོར་ལས་ སླབ་དོ་ཡོདཔ་ད་ ཁྱིམ་ཚང་ཚུ་གིས་ མོ་གི་མཁས་མཆོག་ལུ་ བརྟེན་སྡོད་ཡོདཔ་ཨིན་པས།
མོ་རའི་བཟའ་ཚང་གི་ འགན་ཁུར་འབག་དགོ་མི་དང་འབྲེལ་ སངས་རྒྱས་སྒྲོལ་མ་གིས་ འཐུང་ཆུ་ཉམས་སྲུང་གི་ བརྩི་བཀུར་འབད་དེ་ སག་སྟེང་གི་མི་སེར་ཚུ་ལུ་ གུས་ཞབས་ཚུ་འབདཝ་ཨིན་པས།
དང་ཕུ་ལས་ར་ མཐའ་ཟུར་གྱི་འབྲུག་པའི་ ཨམ་སྲུ་ཚུ་གིས་ འཐུང་ཆུ་འཛིན་སྐྱོང་འཐབ་དོ་ཡོད་པའི་ཁར་ ཁོང་རའི་ བཟའ་ཚང་གི་དོན་ལུ་ གཙང་སྦྲ་བསྟེན་ནི་ལ་སོགས་པ་ཚུ་ འབད་དོ་ཡོད་རུང་ མི་སྡེའི་ནང་ རྒྱ་ཆེ་བའི་གྲོས་ཐག་བཅད་དགོ་པའི་ གནད་དོན་ཚུ་ནང་འབདཝ་ད་ ཁོང་ཆ་ཁྱབ་ དེ་གི་གྲངས་སུ་ མི་ཚུད་དོ་ཡོདཔ་ཨིན་པས།
སངས་རྒྱས་སྒྲོལ་མ་དེ་ ཚོགས་པ་གིས་ ཆུ་བདག་འཛིན་སྦྱོང་བརྡར་ནང་ བཅའ་མར་གཏོགས་དགོཔ་སྦེ་ གདམ་འཐུ་འབད་ཡོདཔ་ད་ མོ་གིས་ ཆུའི་ལས་འགུལ་ནང་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།
སྦྱོང་བརྡར་འབད་བའི་ཤུལ་ལུ་ སངས་རྒྱས་སྒྲོལ་མ་གིས་ མོ་རའི་རིག་རྩལ་ཚུ་ སག་སྟེང་འཐུང་ཆུ་བཀྲམ་སྤེལ་ལམ་ལུགས་ནང་ རིག་རྩལ་གསརཔ་ཚུ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ད་ ང་གིས་ ཧེ་མ་སྦྱོང་བརྡར་མ་ཐོབ་པའི་ སྐབས་ལུ་འབད་བ་ཅིན་ གལ་སྲིད་ ཆུ་དུང་ཚུ་མེདཔ་ཐལཝ་འདྲཝ་འབད་བ་ཅིན་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ཟེར་ ཚ་གྱང་ལང་དོ་ཡོད་རུང་ ད་རེས་ སྦྱོང་བརྡར་ཐོབ་མི་ལུ་བརྟེན་ ཆུ་དུང་ཉམས་བཅོས་འབད་ནི་ལུ་ ཐོགས་ཆག་མེད་ཟེར་ མོ་གིས་ བཤདཔ་ཨིན་པས།
མོ་གིས་ ཆུ་དུང་ནང་ལས་ ཆུ་འཛགས་ཚུ་མི་ག་ར་ བཅོ་ཁ་རྐྱབ་དོ་ཡོདཔ་ད་ མོ་གི་ལཱ་དེ་ ཆུ་དུང་བཅོ་ཁ་རྐྱབ་ནི་ རྐྱངམ་གཅིག་ལུ་ གཙོ་བོར་བཏོནམ་མེན་པར་ གཡུས་ཁའི་ཨམ་སྲུ་ཚུ་ལུ་ཡང་ ཆུ་དུང་བཅོ་ནི་ལ་སོགས་པའི་ རིག་རྩལ་སྦྱོང་བརྡར་ཚུ་ བྱིན་ཐོག་ལས་ འཐུང་ཆུ་ལག་ལེན་ཚུལ་ལྡན་གྱི་ བརྡ་འཕྲིན་སྤེལཝ་ཨིན་པས།
ད་རུང་ ཆུའི་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ཚེ་རིང་ཆོས་སྐྱིད་ཀྱིས་ སློབ་སྦྱོང་དེ་གིས་ ལྕོགས་གྲུབ་ཡར་དྲག་དང་ ངོ་རྐྱང་གི་ བསྒྱུར་བ་འགྱོ་ནི་ལུ་ ཕན་ཐོགས་སྦོམ་ར་ འདུག་ཟེར་ཨིནམ་ད་ ཆུའི་སྐོར་ལས་ བརྡ་དོན་སྤེལ་ནི་དང་ གཙང་སྦྲ་འཕྲོད་བསྟེན་གྱི་སྐོར་ལས་ བཤད་པའི་ཁར་ ཆུ་སྲུངཔ་ཚུ་གིས་ མི་སྡེའི་ནང་ གཙང་སྦྲ་ལྡན་པའི་འཐུང་ཆུ་ཚུ་ ག་དེ་སྦེ་ རྒྱུན་སྐྱོང་འཐབ་ཚུགསཔ་ཨིན་ན་ ཞིབ་དཔྱད་ཚུ་ཡང་ འབདཝ་ཨིན་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ང་བཅས་ཀྱིས་ འཐུང་ཆུ་ཚུ་ ག་ལྷོད་འཐུང་སྡོད་ཅི་ཟེར་ཨིན་རུང་ ད་རེས་འབདཝ་ད་ ཆུ་བསྐོལ་འཐུང་དོ་ཟེར་ སྐྱེས་ལོ་༦༠ ལང་མི་ ལ་མཐོ་སར་སྡོད་མི་ ལེགས་སྐྱིད་དབྱངས་འཛོམས་ཀྱིས་ བཤད་པའི་ཁར་ ད་རེས་ འཐུང་ཆུའི་སྤུས་ཚད་དང་ གཙང་སྦྲ་གཉིས་ཆ་ར་བཏོན་ཏེ་ ལག་ལེན་འཐབ་དོ་ཟེར་ཨིནམ་མ་ཚད་ གནམ་དགུན་ ཆུ་ཆུང་ཀུ་འགྱོཝ་ད་ ཆུ་གསོག་འཇོག་འབད་དེ་ བཞགཔ་ཨིན་ཟེར་ཨིན་པས།
འཐུང་ཆུ་ཡུན་བརྟན་གནས་ཐབས་ལུ་ གཡུས་ཚན་མང་ཤོས་ཅིག་གིས་ ཆུ་རྐ་ཚུ་ངོས་འཛིན་འབད་ཡོདཔ་ད་ འདི་དང་འབྲེལ་ སག་སྟེང་རྒེད་འོག་གི་ སྟེང་མ་གཡུས་ཚན་ཚུ་ཡང་ དེ་གི་གྲངས་སུ་ཚུད་ཡོདཔ་ཨིན་པས།
གནད་དོན་གཞན་ཅིག་ནང་འབདཝ་ད་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཆུའི་རྐ་ཅིག་ བསྐམས་ཡོདཔ་སྦེ་ཨིནམ་ད་ ད་རེས་ མི་སྡེ་ཚུ་གིས་ ཆུ་རྐ་གཞན་ཅིག་ ཡོད་མི་དེ་ནང་ལས་ ལག་ལེན་འཐབ་དོ་ཡོདཔ་སྦེ་ཨིན་པས།
སག་སྟེང་གཡུས་ཚན་གྱི་ ཆུ་སྲུངཔ་ རིན་ཆེན་ཚེ་དབང་གིས་ བཤད་མིའི་ནང་ ཁོ་གིས་ ཆུ་རྐ་ཚུ་ བདུན་ཕྲག་རེ་ནང་ཚར་གཉིས་རེ་ ལྟ་རྟོག་འབད་དོ་ཟེར་ཨིནམ་མ་ཚད་ ཆུ་མཛོད་ཁང་ཚུ་ཡང་ ཕྱགས་བདར་རྐྱབ་སྟེ་ ཧིང་སངས་ས་སྦེ་ བཞགཔ་ཨིན་ཟེར་ཨིན་པས།
ཆུ་རྐ་ཚུ་ ར་བ་བསྒོར་ཏེ་བཞག་ཡོདཔ་མ་ཚད་ ང་བཅས་ཀྱིས་ འཐུང་ཆུའི་རྐ་འགོ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ཡོད་ཟེར་ཨིནམ་བཞིན་དུ་ མི་སེར་ཚུ་གིས་འབད་རུང་ ཆུ་ལག་ལེན་འཐབ་ཚར་བའི་ཤུལ་ལུ་ ཆུ་དུང་གི་མཆུ་ཏོ་ཚུ་ བསྡམ་བཞག་དགོཔ་གལ་ཆེཝ་སྦེ་ གོ་བ་བརྡ་སྤྲོད་འབད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement