༉ རླུང་བསིལ་ས་སྤྱི་འོག་ལས་ སྐྱེས་ལོ་༤༨ ལང་མི་ སོ་ནམ་པ་ སུར་ཇ་མཱན་རའེ་དེ་ དར་དཀར་ནང་གི་ས་གནས་ ལྷ་མོའི་རྫིང་ཁ་རྒེད་འོག་ནང་ སྡོད་མི་ཅིག་ཨིནམ་བཞིན་དུ་ ལོ་༡༠ དེ་ཅིག་གི་རིང་ ཆུ་མེད་པའི་དཀའ་ངལ་བྱུང་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ ཁྱིམ་གུང་པ་༡༣༣ ཡོདཔ་ད་ ཁོང་མང་ཤོས་ཅིག་གིས་ ཉེ་འདབས་ལུ་ཡོད་པའི་ ཆུ་རྐ་དང་ ཆུ་ལེགས་བཅོས་འཕྲུལ་ཁང་ལས་ ཆུ་ལུད་འགྱོ་མི་ལུ་ བརྟེན་སྡོད་དོ་ཡོདཔ་ད་ ད་ལྟོ་ཡང་ ཆུ་དེ་ མི་སྡེ་ལུ་ ཕན་ཐོགས་ཅན་ཅིག་སྦེ་ ལག་ལེན་འཐབ་མ་ཚུགས་པར་ ཡོདཔ་ཨིན་པས།
ཆུ་མཛོད་རྙིངམ་དེ་ རི་དྭགས་སེམས་ཅན་དང་ དམིགས་བསལ་དུ་ རི་ཕག་དང་ གླངམོ་ཆེ་ དེ་ལས་ ས་རུད་ཀྱིས་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནམ་དགུན་ལུ་ ཆུ་མ་ལང་པའི་དཀའ་ངལ་སྦོམ་ཡོདཔ་ལས་ མི་སེར་ཚུ་ རོང་ཆུ་ལུ་བརྟེན་སྡོད་དགོཔ་ད་ ཆུ་དེ་ཡང་ སྐམ་འགྱོ་དོ་ཡོདཔ་ལས་ མི་སེར་ཚུ་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ མང་ཤོས་ར་ ཀེ་བ་དང་ ཧོན་ཚོད་ དེ་ལས་ སྒོགཔ་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ དེ་ཡང་ ཁོང་རའི་ བཟའ་སྤྱོད་དོན་ལུ་རྐྱངམ་གཅིག་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟླཝ་༡ དང་༢ ཀྱི་རྒྱབ་ལས་ ཁོང་རའི་བཟའ་སྤྱོད་དོན་ལུ་ ཚོད་བསྲེ་ཚུ་ ཉོ་དགོཔ་འཐོན་འོང་ཟེར་ཨིནམ་ད་ འཐུང་ཆུའི་དཀའ་ངལ་དང་གཅིག་ཁར་ ཞིང་ཆུའི་དཀའ་ངལ་ཡང་ ཐོནམ་མས་ཟེར་ སླབ་ཨིན་པས།
མ་གཞི་ འཐུང་ཆུ་ལེགས་བཅོས་འཕྲུལ་ཁང་གསརཔ་གིས་ རེ་བ་བྱིན་དོ་ཡོདཔ་ཨིན་རུང་ ཆུ་དུང་མཐུད་སྦྲེལ་དང་ བཀྲམ་སྤེལ་འབད་ནིའི་ དགོས་མཁོ་སྦོམ་ཡོད་ཟེར་ཨིནམ་ད་ འཆར་གཞི་དང་ བཀྲམ་སྤེལ་ལེགས་ཤོམ་མེད་པ་ཅིན་ རླུང་བསིལ་ས་བཟུམ་མའི་ མཐའ་ཟུར་གྱི་གཡུས་ཚན་ནང་ སྡོད་མི་ཚུ་ལུ་ ཕན་ཐོགས་མི་འབྱུང་ཟེར་ཨིན་པས།
དྲུང་ཁག་གིས་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ ཆུའི་གཙོ་རིམ་ལས་འགུལ་འོག་ལུ་ ཆུ་མེ་ཊིག་ཊཱོན་༢༠༠ ཤོང་ཚུགས་པའི་ ཆུ་ལེགས་བཅོས་འཕྲུལ་ཁང་ཅིག་ བཟོ་སྐྲུན་འབད་ཡོདཔ་ད་ དེ་ཡང་ དུས་ཅི་ སྤྱི་ཟླ་༥ པའི་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
ཤུལ་མའི་ལོ་ནང་ གནས་སྐབས་བགོ་བཀྲམ་འབད་ནིའི་ འཆར་གཞི་ཡོད་མི་ ཆུ་ལེགས་བཅོས་འཕྲུལ་ཁང་དེ་གིས་ ཁྱིམ་གུང་པ་༣༨༣ ལུ་ཁྱབ་སྟེ་ ངོ་རྐྱང་༢,༢༩༢ ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།
དྲུང་ཁག་གི་ བཟོ་རིག་འགོ་དཔོན་ ཤེར་བྷ་དུར་གུ་རུང་གིས་ སླབ་མིའི་ནང་ ས་གནས་ས་ཁོངས་འཆར་གཞི་ གནང་བ་གྲུབ་ཡོད་རུང་ སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་ནི་དེ་ ད་ལྟོ་ འགོ་བཙུགས་མ་ཚུགས་ཟེར་ཨིནམ་ད་ དེ་ནང་ ལྷ་མོའི་རྫིང་ཁ་དང་ ནི་ཅུ་ལ་ དེ་ལས་ ཀརྨ་གླིང་དེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་འོག་ལུ་ ཚུད་དེ་ཡོདཔ་ལས་ ཇི་ཨེམ་སི་གི་ འཆར་གཞི་དང་བསྟུན་བཟོ་ནིའི་དོན་ལུ་ ཡན་ལག་ཁྲོམ་གྱི་ས་ཁོངས་ནང་ བཟོ་སྐྲུན་ཚུ་ མཚམས་འཇོག་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ ལྷ་མོའི་རྫིང་ཁ་དྲུང་ཁག་བདག་སྐྱོང་གིས་ གནས་སྐབས་བཀྲམ་སྤེལ་ལམ་དེ་ མ་དངུལ་དང་ འཐུང་ཆུ་ཚུ་ ཚུལ་མཐུན་ལག་ལེན་འཐབ་ཚུགས་ནིའི་དོན་ལུ་ གྲོས་འཆར་བཀོད་དེ་ཡོད་ཟེར་ཨིན་པས།
ལྷག་པར་དུ་ གཏན་འཇགས་ཀྱི་ ཆུ་དུང་བཙུགས་པ་ཅིན་ གཞུང་གི་མ་དངུལ་ཚུ་ འཕྲོ་བརླག་གཏང་ནི་རྐྱངམ་གཅིག་མེན་པར་ བཀྲམ་སྤེལ་ལམ་གྱི་ འཆར་གཞི་ཚུ་ ཚུལ་དང་མ་མཐུན་པར་འགྱོ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དྲུང་ཁག་བདག་སྐྱོང་གིས་ ཆུའི་བཀྲམ་སྤེལ་དང་ གློག་མེ་ དེ་ལས་ རྒྱུན་ཐག་བཀྲམ་སྤེལ་ལ་སོགས་པའི་ གཅིག་སྒྲིང་ལམ་ལུགས་ཧྲིལ་བུམ་ཅིག་ བཟོ་ནི་ཟེར་ཨིནམ་ད་ དེ་ཡང་ ཇི་ཨེམ་སི་གི་འཆར་གཞི་དེ་ ཆ་འཇོག་འགྲུབ་ཞིནམ་ལས་ འབད་འོང་ཟེར་ཨིན་པས།
ལས་འགུལ་དེ་ནང་ དངུལ་ཀྲམ་ས་ཡ་༥༠ དེ་ཅིག་གི་ ཟད་འགྲོ་བཏང་ཡོདཔ་ད་ དེ་ནང་ ཀིའུ་བིག་མི་ཊར་༢༠༠ འབད་མི་ ཆུ་མཛོད་ཁང་དང་ ཆུ་བསྡུ་ལེན་ཁང་མིག་ ཆུ་བཀང་སའི་ཁང་མིག་ལ་སོགས་པའི་ མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
དྲུང་ཁག་བདག་སྐྱོང་གིས་ ལག་ལེན་རྒྱུན་སྐྱོང་དང་ ལྟ་རྟོག་ཚུ་ འབད་ནི་ཨིན་པས།
ད་རེས་ནངས་པར་ དྲུང་ཁག་བདག་སྐྱོང་ལུ་ རི་དྭགས་སེམས་ཅན་ཚུ་གིས་ མཐུན་རྐྱེན་ཚུ་ གནོད་སྐྱོན་རྐྱབ་དོ་ཡོད་པའི་ གདོང་ལེན་ཚུ་ བྱུང་སྟེ་ཡོདཔ་ད་ ང་བཅས་ཀྱིས་ བདག་འཛིན་པ་ཅིག་ བཙུགས་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་ལུ་ གྲོས་འཆར་བཀོད་ཡོདཔ་ལས་ འཕྲལ་མགྱོགས་ར་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཁོ་གིས་ སླབ་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།