༉ ཇ་པཱན་གྱི་ཁས་བླངས་པ་ སྡེ་ཚན་ཅིག་གིས་ འབྲུག་གཟེར་ནད་གཞི་ཚོགས་ལུ་ གཟེར་ནད་ཐོབ་མི་ ནདཔ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ཅིག་ གྲོགས་རམ་སྦེ་ བྱིན་ཡོདཔ་ད་ སྣུམ་འཁོར་དེ་གིས་ རྒྱལ་ཁབ་ནང་ གཟེར་ནད་ཐོབ་མི་ནདཔ་དང་ འདི་དང་འབྲེལ་བའི་ ནད་གཞི་ཡོད་མི་ཚུ་ སྐྱེལ་ལེན་འབད་ནིའི་དོན་ལུ་ གྲོགས་རམ་འགོ་དང་པ་ བྱིན་དོ་ཡོདཔ་ཨིན་པས།
སྐྱེལ་ལེན་སྣུམ་འཁོར་དེ་ ཇ་པཱ་ནིས་གི་ གྲོགས་རམ་སྡེ་ཚན་གྱིས་ བྱིན་ཡོདཔ་ཨིན་པས།
ཇ་པཱན་གྱི་ཁས་བླངས་སྡེ་ཚན་དེ་ཡང་ འབྲུག་ཧན་ཌ་ན་གཞོན་བརྗེ་སོར་ཚོགས་སྡེ་དང་ ཏོ་མི་ཡོ་ཀུ་མཏ་སུའི་ཤི་གྲོས་སྟོན་པ་གིས་ འགོ་ཁྲིད་ཐོག་ལས་ སྣུམ་འཁོར་དེ་ འབྲུག་གཟེར་ནད་གཞི་ཚོགས་ལུ་ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཐིམ་ཕུག་རོ་ཊེ་རི་ཀ་ལབ་དང་གཅིག་ཁར་ ལཱ་འབད་མི་ ཏོ་མི་ཡོ་ཀུ་མཏ་སུའི་ཤི་གིས་ བཤད་མིའི་ནང་ གཟེར་ནད་སྣུམ་འཁོར་གྱི་དོན་ལུ་ མ་དངུལ་ཚུ་ མི་མང་ཚུ་ལས་ བསྡུ་ལེན་འབད་འབདཝ་ཨིན་ཟེར་ཨིན་པས།
འབྲུག་ལུ་ གསོ་བ་དང་འབྲེལ་བའི་ འདི་བཟུམ་གྱི་ གྲོགས་རམ་འབད་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཧ་གོ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ གཟེར་ནད་ཀྱི་དཀའ་ངལ་དེ་ ཚབས་ཆེན་སྦེ་ འདུག་ཟེར་ཨིན་མི་དེ་ཡང་ ནད་གཞི་དེ་གིས་ དར་ཁྱབ་སྦོམ་སུ་སྦེ་ར་སོང་སྟེ་ འདུག་ཟེར་ཨིན་པས།
འབྲུག་གཟེར་ནད་གཞི་ཚོགས་ཀྱི་ མདོ་ཆེན་ ཟླ་བ་ཚེ་རིང་གིས་ བཤད་མིའི་ནང་ སྣུམ་འཁོར་འདི་ལུ་བརྟེན་ ད་ལྟོ་ གཟེར་ནད་སྨན་བཅོས་སྡེ་ཚན་གྱིས་ ཞབས་ཏོག་བྱིན་མི་ལས་ལྷག་སྟེ་ འབད་ཚུགས་པའི་ ཁྱད་པར་ཡོད་ཟེར་ཨིན་པས།
གཞན་ཡང་ ང་བཅས་ཀྱི་ སྨན་བཅོས་ཁང་ནང་ སྨན་བཅོས་འབད་བར་ འོང་མི་ཚུ་ལུ་ སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ ཐོབ་ཚུགས་ཟེར་ཨིནམ་ད་ སྐྱེལ་ལེན་ཞབས་ཏོག་འདི་ལུ་བརྟེན་ འཕྲོད་བསྟེན་སྟོང་པའི་མཐའ་སྐྱོང་ཚུ་ འཐོབ་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ སྣུམའ་ཁོར་དེ་ གློ་བུར་གྱི་སྣུམ་འཁོར་བཟུམ་སྦེ་ ལཱ་བཀོལ་མི་ཚུགས་ཟེར་ བཤད་མི་དེ་ཡང་ དེ་ཁར་ སྦྱོང་བརྡར་ཅན་གྱི་མི་སྟོབས་ཚུ་ དགོཔ་ཡོད་ཟེར་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ མི་སྡེ་ཚུ་ལུ་ ཁྱིམ་བཤལ་གྱི་ ལྟ་སྐོར་ཚུ་འབད་ཐོག་ལས་ ཞབས་ཏོག་ཚུ་ བྱིན་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
འདས་པའི་རིང་ལུ་ འབད་བ་ཅིན་ སྐྱེལ་འདྲེན་གྱི་ དཀའ་ངལ་ཡོད་མི་ལུ་བརྟེན་ ཁས་བླངས་པ་ཚུ་གིས་ གཟེར་ནད་ཐོབ་མི་ནདཔ་ཚུ་དང་ ཕྱད་མ་ཚུགས་པར་ཡོདཔ་ད་ འཕྲུལ་ལས་ཀྱི་སྡེ་ཚན་ཚུ་ཡང་ སྨན་གྱི་དོན་ལུ་དང་ གཟུགས་ཁམས་ལུས་སྦྱོང་གི་དོན་ལུ་ དུས་མཐུན་འབད་མ་ཚུགས་ཟེར་ཨིན་པས།
ད་རེས་ཀྱི་ སྣུམ་འཁོར་གསརཔ་འདི་ལུ་བརྟེན་ ཞབས་ཏོག་ཚུ་ སྒྲུབ་ཚུགས་པའི་ཁར་ ནད་པའི་དགོས་མཁོ་ཡོད་མི་ཚུ་ཡང་ ཐོབ་ཚུགས་ཟེར་ ཟླ་བ་ཚེ་རིང་གིས་ བཤདཔ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༡ དང་ སྤྱི་ལོ་༢༠༢༣ ཟླ་༡༠ པའི་ནང་འཁོད་ལུ་ གཟེར་ནད་ཐོབ་མི་ནདཔ་༨༧༦ ཡོདཔ་ད་ དེ་ཚུ་གི་གྲས་ལས་ ནདཔ་༣༡༦ དེ་ སྤྱི་ལོ་༢༠༢༡ ལུ་ ཐོན་ཡོད་པའི་ཁར་ སྤྱི་ལོ་༢༠༢༢ ལུ་ནདཔ་༣༣༢ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
རྩིས་བཀོད་དང་འཁྲིལཝ་ད་ ནད་གཞི་ཐོབ་མི་ ཨམ་སྲུ་དང་ཕྱདཔ་ད་ ཕོ་སྐྱེས་མང་སུ་འདུག་ཟེར་ཨིན་པས།
དེ་ཡང་ ཨ་ལོ་སྐྱེས་ལོ་༡ ལས་འགོ་བཙུགས་ སྐྱེས་ལོ་༥ ཚུན་འབད་མི་ཚུ་གིས་ཡང་ ནད་གཞི་དེ་ཐོབ་ཡོདཔ་སྦེ་ཨིན་པས།
འབྲུག་གཟེར་ནད་གཞི་ཚོགས་ཀྱིས་ སྤྱི་ལོ་༢༠༡༩ ལུ་ སྒོ་ཕྱེ་ཞིནམ་ལས་ཚུར་ ནདཔ་༣༠ ལུ་གྲོགས་རམ་འབད་ཡོདཔ་ད་ འདི་དང་འབྲེལ་ གྲོགས་རམ་ཚུ་དགོ་པའི་ མཁོ་འདོད་བཀོད་མི་དེ་ཡང་ ནདཔ་༢༠༠ དེ་ཅིག་གིས་ གྲོགས་རམ་གྱི་ དགོས་མཁོ་ཡོད་ལུགས་ཀྱི་ ཐོ་བཀོད་ཚུ་ འབད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement