༉ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་(ཇི་ཨེམ་སི་)གྱི་ རྒྱལ་སྤྱི་གནམ་གྲུ་ཐང་དེ་ སྤྱི་ལོ་༢༠༢༥ ལུ་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ནི་ཨིནམ་བཞིན་དུ་ གནམ་ཐང་དེ་གིས་ གོ་རིམ་དང་པའི་ནང་ ལོ་བསྟར་བཞིན་དུ་ འགྲུལ་པ་ས་ཡ་༡.༣ འཛིན་སྐྱོང་འཐབ་ནི་ཨིནམ་ད་ དེ་གི་ཤུལ་ལས་ འགྲུལ་པ་ས་ཡ་༥.༥ ལུ་ ཡར་སེང་འབད་ནིའི་འཆར་གཞི་ཡོདཔ་མ་ཚད་ མཐའན་མཇུག་ཁར་ འགྲུལ་པ་ས་ཡ་༡༥ ལུ་ ལྷོད་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༡༦ ལུ་ ཐིམ་ཕུག་ལུ་སྦེ་ ཇི་ཨེམ་སི་གྲོས་འཛོམས་འཚོགས་པའི་སྐབས་ ཇི་ཨེམ་སི་བཀོད་ཚོགས་ཀྱི་ མདོ་ཆེན་ཨིན་མི་ ལི་སིའུ་ཧེང་གིས་ ལས་འགུལ་དེ་ སོར་སྒྱུར་བཙོན་ཤུགས་བཟུམ་ཅིག་སྦེ་ འགྲེལ་བཤད་རྐྱབ་ཡོདཔ་ཨིན་པས།
གནམ་གྲུ་ཐང་དེ་ འགོ་དང་པའི་ བཟོ་སྐྲུན་ལཱ་ སྦོམ་ཤོས་ཅིག་ཨིནམ་ལས་ འཛམ་གླིང་གིས་ མཐོང་ཚུགས་ནི་ཨིནམ་ད་ དམིགས་བསལ་དུ་ ང་བཅས་ཀྱིས་ ལཱ་འདི་འབད་མི་ཚུགས་ཟེར་ དོགས་སྣང་བྱུང་མི་ཚུ་གི་དོན་ལུ་ཨིནམ་ད་ ང་བཅས་ཀྱིས་ གནམ་ཐང་དེ་ མཇུག་བསྡུ་བའི་བསྒང་ལས་ དེ་གིས་ གྲུབ་འབྲས་གསལ་སྟོན་འབད་ཚུགས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ པ་ བརྩི་སྲུང་ཞུ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་རྒྱལ་སྤྱི་གནམ་ཐང་གི་ བཟོ་སྐྲུན་ལཱ་ཚུ་ སྤྱི་ལོ་༢༠༢༥ ལུ་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༢༩ རྫོགས་ཁམས་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ གསལ་བསྒྲགས་གནང་ཡོདཔ་ཨིན་པས།
ཤུལ་མའི་ལོ་༥ ནང་ ང་བཅས་ཀྱི་ གློ་བུར་གཙོ་རིམ་དེ་ དགེ་ལེགས་ཕུག་ལུ་ རྒྱལ་སྤྱི་གནམ་ཐང་སྦོམ་ཅིག་ བཟོ་སྐྲུན་འབད་ནི་དེ་ཨིནམ་ལས་ དེ་གིས་ ཇི་ཨེམ་སི་དེ་ གནམ་གྲུའི་ལྟེ་བ་ཅིག་སྦེ་ གཞི་བཙུགས་འབད་ནི་ཨིན་པས།
གནམ་གྲུ་ཐང་དེ་ ཚོང་འབྲེལ་ལྟེ་བ་ཅིག་སྦེ་ ཇི་ཨེམ་སི་གི་ གྲུབ་འབྲས་མཐར་འཁྱོལ་དོན་ལུ་ ཁག་ཆེ་དྲགས་ཅིག་ཨིནམ་མ་ཚད་ འབྲུག་གི་ རྒྱལ་ཡོངས་ཉེན་སྲུང་དང་ དམིགས་བསལ་དུ་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་ཡོདཔ་ཨིན་པས།
ལས་འགུལ་དེ་ནང་ མ་དངུལ་གྱི་ གདོང་ལེན་ཚུ་ཡོདཔ་ཤེས་ཏེ་ ལི་སིའུ་ཧེང་གིས་ སིངྒ་པུར་གྱི་ ཅང་གི་གནམ་གྲུ་ཐང་དང་འབྲེལ་བའི་ དཀའ་ངལ་དེ་ འཆར་གཞི་དང་ འཆར་སྣང་ཐོག་ལས་ གདོང་ལེན་ཚུ་ སེལ་ཐབས་འབད་ཚུགས་པའི་ དཔེ་བཟུམ་ཅིག་སྦེ་ བཀོད་ཡོདཔ་ད་ ལྷོ་ཨེ་ཤི་ཡ་གི་ མཐར་འཁྱོལ་དོན་ལུ་ མཐུད་སྦྲེལ་སྒྲིང་སྒྲི་དེ་ གནམ་གྲུ་ཐང་གི་ལག་ལེན་ལུ་ རག་ལས་ནི་ཨིན་པས།
ཇི་ཨེམ་སི་གི་ སྡེ་ཚན་དང་འཁྲིལཝ་ད་ གནམ་ཐང་གི་ ལས་འགུལ་དེ་གིས་ ཡུན་བརྟན་དང་ ལམ་སྲོལ་ཉམས་སྲུང་ དེ་ལས་ དེང་སང་ལག་ལེན་གནས་ཚད་ཚུ་བརྩིས་ཏེ་ འབྲུག་གི་ རང་བཞིན་གྱི་མཛེས་ཆོས་ཚུ་ ཉམས་སྲུང་འབད་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
བཟོ་བཀོད་ནང་ རང་བཞིན་གནས་སྟངས་དང་མཐུན་པའི་ ཆ་ཤས་ཚུ་ཡོདཔ་ད་ དེ་ཡང་ ཤིང་གི་བཟོ་བཀོད་དང་ ནད་རླུང་ཉུང་བའི་ཅ་ཆས་ དེ་ལས་ ནུས་ཤུགས་ལམ་ལུགས་ཚུ་ཨིན་པས།
ཁྱད་དུ་འཕགས་པའི་ ནགས་ཚལ་གཞི་རྩའི་ དགོངས་དོན་ཐོག་ སྔོ་ལྗང་ས་ཁོངས་ཚུ་དང་ འབྲུག་གི་ རང་ལུགས་བཟོ་བཀོད་ཆ་ཤས་ཚུ་ མཉམ་བསྡོམས་འབད་ནི་ཨིནམ་ད་ དེ་གིས་ རྒྱལ་ཁབ་ཀྱི་ ཤུལ་བཞག་དང་ དེང་སང་གི་མཐུན་རྐྱེན་ཚུ་ མཉམ་སྡེབ་འབད་ཚུགས་ནི་ཨིན་པས།
ལས་འགུལ་དེ་ མེག་ནོ་ལི་ཡ་སྤུས་ཚད་གོང་འཕེལ་ལས་འཛིན་དང་ ཅང་གི་རྒྱལ་སྤྱི་གནམ་ཐང་ དེ་ལས་ ཇར་ཀཱལ་ ཨེན་ཇིལསི་སྡེ་ཚན་གྱི་བར་ན་ མཉམ་འབྲེལ་འབད་ནི་ཨིན་པས།
ཇར་ཀཱལ་ ཨེན་ཇིལསི་སྡེ་ཚན་གྱིས་ ཁྲོམ་གྱི་འཆར་གཞི་དང་ བཟོ་བཀོད་ དེ་ལས་ བཟོ་བཀོད་ཆ་ཤས་ཚུ་ ལྟ་རྟོག་འབད་ནི་དང་ མེག་ནོ་ལི་ཡ་སྤུས་ཚད་གོང་འཕེལ་ལས་འཛིན་གྱིས་ ལས་འགུལ་འཛིན་སྐྱོང་འཐབ་ནི་ཨིནམ་ད་ ནི་དར་ལེནསི་གནམ་ཐང་གྲོས་སྟོན་པ་གིས་ འོས་འབབ་བརྟག་ཞིབ་དང་ འཆར་གཞི་བཟོ་ནི་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ཅང་གི་རྒྱལ་སྤྱི་གནམ་ཐང་གིས་ འགྲུལ་པའི་ཉམས་མྱོང་དང་ ལག་ལེན་གནས་ཚད་ཚུ་ ཡར་དྲག་གཏང་ཐབས་ལུ་ གནམ་གྲུའི་ལྟེ་བ་ཅིག་སྦེ་ གཞི་བཙུགས་འབད་ནི་ཨིན་པས།
གནམ་གྲུ་ཐང་གི་ མཐའ་འཁོར་ས་ཁོངས་དེ་ ལྟ་བཤལ་དང་ ས་གནས་ཀྱི་དཔལ་འབྱོར་ ཡར་དྲག་གཏང་ནིའི་དོན་ལུ་ གོང་འཕེལ་གཏང་ནི་ཨིནམ་ད་ དེ་ནང་ གནམ་ཐང་དང་ ཁྲལ་ཡངས་ཚོང་ཁང་ ཟ་ཁང་ དེ་ལས་ མཐུན་རྐྱེན་གཞན་ཚུ་ བཟོ་ནིའི་འཆར་གཞི་ཡོདཔ་ཨིན་པས།
ཇི་ཨེམ་སི་སྡེ་ཚན་གྱིས་ སླབ་མིའི་ནང་ ས་ཆ་རྒྱ་སྐྱེད་ནང་ཚུད་མི་ སྒེར་གྱི་ སའི་ཇོ་བདག་ཚུ་གིས་ མི་སྡེ་དང་ ཁྲིམས་ལུགས་གནས་ཚད་དང་བསྟུན་ འོས་འབབ་དང་ལྡནམ་སྦེ་ རྒུད་འཐུས་འཐོབ་ཚུགས་ཟེར་ཨིན་པས།
ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་གིས་ ཇི་ཨེམ་སི་རྒྱལ་སྤྱི་གནམ་ཐང་གི་ གོང་འཕེལ་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡༤༠ ཁས་བླངས་འབད་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement