༉ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་(ཇི་ཨེམ་སི་)གིས་ སིངྒ་པུར་གྱི་ཁྲིམས་༡༨ དང་ ཨ་བུ་ད་བི་འཛམ་གླིང་ཚོང་འབྲེལ་(ཨེ་ཌི་ཇི་ཨེམ་)གྱི་ དངུལ་འབྲེལ་སྒྲིག་གཞི་༡༠ཆ་འཇོག་འབད་ཡོདཔ་ད་ དེ་ཡང་ ལས་སྡེ་ཁོངས་བཙུགས་དང་ ལཱ་གཡོག་ ཁྲལ་ དེ་ལས་ དངུལ་འབྲེལ་ཞབས་ཏོག་ལ་སོགས་པ་ཚུ་ནང་ གཞུང་སྐྱོང་ལམ་ལུགས་ལུ་ ལམ་སྟོན་བྱིན་ཐབས་ལུ་ཨིན་པས།
དགེ་ལེགས་ཕུག་དྲན་ཤེས་ཁྲོམ་དབང་འཛིན་(ཇི་ཨེམ་སི་ཨེ་)གིས་ འཕྲལ་ཁམས་ཅིག་ཁར་ ཇི་ཨེམ་སི་རྒྱལ་པོའི་བཀའ་ཁྲིམས་༢༠༢༤ ཅན་མའི་ རྩ་ཚན་༤(༢) པའི་འོག་ལུ་ བཅའ་ཁྲིམས་༢༠༢༤ གི་ལག་ལེན་ཟེར་སླབ་མི་ སྤྱི་ལོ་༢༠༢༤ གི་ ཇི་ཨེམ་སི་ཁྲིམས་ཨང་༡ པ་ གཏན་འབེབས་བཟོ་ཡོདཔ་ད་ ཁྲིམས་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ རྒྱལ་པོའི་བཀའ་གྲོལ་ཐོབ་སྟེ་ སྤྱི་ལོ་༢༠༢༤ ཟླ་༡༢ པའི་ཚེས་༢༦ ལུ་ ལག་ལེན་འགོ་བཙུགས་ཡོདཔ་ཨིན་པས།
སིངྒ་པུར་གྱི་ སྤྱིར་བཏང་ཁྲིམས་ནང་ ཨིང་ལེནཌི་གི་ སྤྱིར་བཏང་ཁྲིམས་དང་ སྤྱི་ལོ་༡༩༩༣ ཟླ་༡༡ པའི་ཚེས་༡༢ ཀྱི་ཧེ་མར་ སིངྒ་པུར་ལུ་ གཞི་བཙུགས་འབད་མི་ དྲང་སྤྱོད་ཀྱི་ གཞི་རྩ་དང་ལམ་ལུགས་ཚུ་ ཡོདཔ་ཨིན་པས།
ཇི་ཨེམ་སི་ནང་ མཉམ་སྡེབ་འབད་མི་ སིངྒ་པུར་གི་ ཁྲིམས་ལུགས་གྲངས་སུ་ ལས་སྡེའི་བཅའ་ཁྲིམས་༡༩༦༧ དང་ གན་ཡིག་(ཕྱི་མི་༣ གྱི་ཐོབ་དབང་)བཅའ་ཁྲིམས་༢༠༠༧ ཅ་དམ་བཅའ་ཁྲིམས་༡༩༦༠གློག་རིག་ཚོང་འབྲེལ་བཅའ་ཁྲིམས་༢༠༠༡ ལཱ་གཡོག་བཅའ་ཁྲིམས་༡༩༦༨ ཕྱི་མི་ལཱ་གཡོག་བཅའ་ཁྲིམས་༡༩༩༠ཅ་དངོས་དང་ཞབས་ཏོག་ཁྲལ་བཅའ་ཁྲིམས་༡༩༩༣ དེ་ལས་ ཕྱི་མི་ནང་སྐྱོད་བཅའ་ཁྲིམས་༡༩༥༩ ཡོདཔ་ཨིན་པས།
ཁྲིམས་བཟོ་གཙོ་ཅན་གཞན་གྱི་གྲངས་སུ་ འབབ་ཁུངས་ཁྲལ་གྱི་བཅའ་ཁྲིམས་༡༩༤༧ དང་ མ་རྩ་རྩ་སྟོངས་དང་གཞི་སྒྱུར་ དེ་ལས་ ཧྲམ་བཤིག་བཅའ་ཁྲིམས་༢༠༡༨ དོན་འགྲེལ་བཅའ་ཁྲིམས་༡༩༦༥ གཞུང་འབྲེལ་གསང་བ་བཅའ་ཁྲིམས་༡༩༣༥ སྒེར་མི་གནས་སྡུད་སྲུང་སྐྱོབ་༡༠༡༢ རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་༡༩༦༠ཅ་ཆས་བཙོང་ནིའི་བཅའ་ཁྲིམས་༡༩༧༩ ཡིག་འཕྲིན་རྫུས་མ་ཚད་འཛིན་བཅའ་ཁྲིམས་༢༠༠༧ ཐིའུ་གི་འགན་དབང་བཅའ་ཁྲིམས་༡༠༢༩ དེ་ལས་ ཚུལ་མིན་གན་ཡིག་གནས་སྟངས་བཅའ་ཁྲིམས་༡༩༧༧ ཡོདཔ་ཨིན་པས།
ཇི་ཨེམ་སི་གིས་ ཆ་འཇོག་གྲུབ་མི་ ཨེ་ཌི་ཇི་ཨེམ་གྱི་ བཅའ་ཁྲིམས་༡༠དེ་ནང་ དངུལ་འབྲེལ་ཞབས་ཏོག་དང་ཚོང་འབྲེལ་སྒྲིག་གཞི་༢༠༡༥ དང་ དེ་དང་འབྲེལ་བའི་ཁྲིམས་ དངུལ་ལོག་སྤྱོད་དང་ གནང་བ་གི་ཁྲིམས་དང་ལམ་སྟོན་ རང་དབང་ཉེན་བཅོལ་གྱི་ཚོང་འབྲེལ་ཁྲིམས་ལུགས་ དེ་ལས་ ཚོང་འབྲེལ་ཁྲིམས་དེབ་ཀྱི་ཀུན་སྤྱོད་ཚུ་ ཡོདཔ་ཨིན་པས།
ཨེ་ཌི་ཇི་ཨེམ་གྱི་ སྒྲིག་གཞི་ཚུ་ ཨ་བུ་ད་བི་དང་ ཡུ་ནའེ་ཊེཌ་ ཨེ་རབ་ ཨི་མི་རེཊསི་གི་ ཨེ་ཌི་ཇི་ཨེམ་དངུལ་འབྲེལ་རང་དབང་ས་ཁོངས་ནང་འཁོད་ལུ་ དངུལ་འབྲེལ་ཞབས་ཏོག་དང་ ཚོང་འབྲེལ་ལག་ལེན་ཚུ་ བདག་འཛིན་འཐབ་མི་ བཅའ་ཡིག་དང་ལམ་སྟོན་ཚུ་ ཆ་ཚང་ཡོདཔ་ཨིན་པས།
རྒྱལ་སྤྱིའི་གནས་ཚད་དང་ ལག་ལེན་ལེགས་ཤོམ་ཚུ་དང་འཁྲིལ་ཏེ་ ཨེ་ཌི་ཇི་ཨེམ་གཞི་བཀོད་ཀྱིས་ དངུལ་འབྲེལ་བརྟན་ཏོག་ཏོ་བཟོ་ནི་དང་ མ་རྩ་བཙུགས་མི་དང་ ཉོ་སྤྱོདཔ་ཚུ་གི་ མཐའ་དོན་ཉེན་སྲུང་འབད་ནི་ དེ་ལས་ དྭངས་གསལ་དང་ ཚུལ་མཐུན་ཚོང་འབྲེལ་ཚུ་ ཡར་དྲག་གཏང་ནི་ལུ་ ངེས་བརྟན་འབདཝ་ཨིན་པས།
སྒྲིག་གཞི་ཚུ་གིས་ དངུལ་ཁང་དང་ དངུལ་བཙུགས་ལས་སྡེ་ ཉེན་བཅོལ་ལས་སྡེ་ དེ་ལས་ དངུལ་འབྲེལ་གཙུག་སྡེ་གཞན་ཚུ་གི་ ཆོག་ཐམ་དང་ ལྟ་རྟོག་ཚུ་འབད་ནི་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement