༉ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ གཞི་བཙུགས་འཐུས་མིའི་ འགོ་འབྱེད་བཟུམ་ཅིག་སྦེ་ ཇི་ཨེལ་པི་གི་ མཉམ་འབྲེལ་གཞི་བཙུགས་དང་ བཀོད་ཁྱབ་གཙོ་འཛིན་ མིང་ཛི་མའི་དེ་ མིང་བཏགས་གནང་ཡོདཔ་ཨིན་པས།
ངོས་འཛིན་དེ་གིས་ ཡུན་བརྟན་དང་ མདུན་སྐྱོད་བསམ་བློའི་ ཁྲོམ་ཚོགས་ལྟེ་བ་བཟོ་ནི་ལུ་ འབྲུག་གི་ སྲོལ་བཏོད་རྩོལ་སྒྲུབ་གོང་འཕེལ་ནང་ རྩ་ཆེ་བའི་གོམ་པ་སྤོ་བའི་ དྲན་རྟགས་བཀོདཔ་ཨིན་པས།
ཇི་ཨེལ་པི་དེ་ འགུལ་མེད་རྒྱུ་ནོར་བཅའ་སྒྲིག་དང་ གནས་སྡུད་ལྟེ་བ་ སླར་འབྱུང་ནུས་ཤུགས་གཞི་རྟེན་ དེ་ལས་ འབྲེལ་ཡོད་འཕྲུལ་རིག་ཚུ་ནང་ འཛམ་གླིང་དབུ་ཁྲིདཔ་ཨིནམ་ད་ ཇི་ཨེལ་པི་གིས་ འཛམ་གླིང་ནང་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡༢༠གི་རྒྱུ་དངོས་ཚུ་ བདག་བཟུང་དང་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ དམིགས་བསལ་དུ་ ཨེ་ཤི་ཡ་དང་ ཡུ་རོབ་ དེ་ལས་ ཨེ་མི་རི་ཀ་རྒྱལ་ཁབ་ཚུ་ནང་ གོང་འཕེལ་ཤུགས་ཆེར་ཡོད་མི་ དཔལ་འབྱོར་གསརཔ་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།
མིང་ཛི་ མའི་གི་ བཟའ་ཚང་གི་བློ་གཏད་དང་ རྒྱུ་ནོར་གཞི་བཟུང་གིས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ འགོ་ཐོག་གོང་འཕེལ་དོན་ལུ་ ཁག་ཆེ་བའི་ ལས་འགུལ་ཚུ་ནང་ མ་རྩ་བཙུགས་ནི་ཨིན་པས།
དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ གཞི་བཙུགས་འཐུས་མི་ལས་རིམ་དེ་ མགྲོན་བརྡ་ཐོག་ལུ་རྐྱངམ་གཅིག་ འགོ་འདྲེན་འཐབ་མི་ལས་རིམ་ཅིག་ཨིནམ་ད་ དེ་ནང་ མཁྱེན་རྒྱ་ཅན་གྱི་མི་ངོམ་ཚུ་ གཅིག་ཁར་འཛོམས་དོ་ཡོདཔ་ད་ ཁོང་གི་ མཁས་རིག་དང་ མ་རྩ་ཚུ་གིས་ ཁྲོམ་གོང་འཕེལ་གཏང་ནི་ལུ་ ཁག་ཆེ་ཤོས་ཅིག་ཨིན་པས།
གཞི་བཙུགས་འཐུས་མི་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་རྐྱངམ་གཅིག་མེན་པར་ གྲོས་སྟོན་པ་སྦེ་ཡང་ ཕྱག་ཞུ་ནི་ཨིནམ་ད་ ཁོང་གིས་ ལས་འགུལ་དེ་ ཡར་རྒྱས་གཏང་ནིའི་དོན་ལུ་ འཛམ་གླིང་གི་ཉམས་མྱོང་དང་ མཐོང་སྣང་ཚུ་ ལག་ལེན་འཐབ་ནི་ཨིན་པས།
ལས་རིམ་དེ་གིས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ ཡར་རྒྱས་དང་ གོང་འཕེལ་གཏང་ནིའི་དོན་ལུ་ དགོས་མཁོ་ཡོད་པའི་ བཟོ་གྲྭ་དང་ གཞི་རྟེན་མཐུན་རྐྱེན་ དེ་ལས་ ལམ་ལུགས་ཚུ་གི་སྐོར་ལས་ ཤེས་ཡོན་བྱིན་ནི་དང་ འབྲུག་གི་ལམ་སྲོལ་དང་ གོམས་གཤིས་མཐུན་པའི་ བརྩི་མཐོང་ཡོད་མི་ཚུ་ འཛུལ་ཞུགས་འབད་ནིའི་ དམིགས་གཏད་བསྐྱེདཔ་ཨིན་པས།
འབྲུག་དང་ མི་སེར་ཚུ་གི་དོན་ལུ་ མི་དབང་མཆོག་གི་ མ་འོངས་སྔོན་གཟིགས་དེ་ སེམས་ཤུགས་ཅན་ཅིག་ཨིནམ་ད་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱིས་ དུས་རབས་༢༡ པའི་ནང་ སེམས་ཀྱི་གོང་འཕེལ་དོན་ལུ་ དཔེ་སྟོན་གསརཔ་ཅིག་ཨིན་མི་དེ་ཡང་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ དཔལ་འབྱོར་སོར་སྒྱུར་དང་འབྲེལ་བའི་ལཱ་ཚུ་ འགོ་འདྲེན་འཐབ་ནི་དེ་ཨིནམ་ད་ དེ་ཡང་ ན་གཞོན་ཚུ་གི་དོན་ལུ་ དེང་འཕྲུལ་རིག་དང་འབྲེལ་བའི་ འཛམ་གླིང་མཐུད་སྦྲེལ་ལས་སྡེ་ཚུ་ནང་ དོན་དང་ལྡན་པའི་ལཱ་གཡོག་གི་གོ་སྐབས་ཚུ་ བཟོ་ནི་དེ་ཨིན་ཟེར་ མིང་ཛི་མའི་གིས་ བཤད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་དེ་གིས་ ཁོ་རའི་ལྟ་བ་དང་འཁྲིལ་ མ་རྩ་གཞི་བཙུགས་ཀྱི་ཐོག་ལས་ འོས་འབབ་བཟོ་ནི་དང་ དཔལ་འབྱོར་དང་ མི་སྡེའི་གོ་སྐབས་ཚུ་ འདྲ་མཉམ་བཟོ་ནི་ དེ་ལས་ འབྲུག་གི་རང་བཞིན་མཛེས་ཆ་དང་ ལམ་སྲོལ་ དེ་ལས་ བརྩི་མཐོང་ཚུ་ ཉེན་སྲུང་འབད་ཚུགས་ཟེར་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ གཞི་བཙུགས་འཐུས་མི་སྦེ་ མིང་བཏགས་མི་དེ་ལུ་ ཁ་རྗེ་བཟང་ཡི་ཟེར་ཨིནམ་ད་ མཁྱེན་རྒྱ་ཆེ་བའི་ལས་འགུལ་དེ་ བསྒྲུབ་ཚུགས་ནི་ལུ་ ཆ་རོགས་འབད་ནི་ཟེར་ཨིན་པས།
དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཤུལ་མའི་ཟླཝ་ཚུ་ནང་ གཞི་བཙུགས་འཐུས་མི་གཞན་ཚུ་ གསལ་བསྒྲགས་འབད་ནི་ཟེར་ཨིན་པས།
དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ གོང་འཕེལ་དེ་ ཁག་ཆེ་བའི་ལས་སྡེ་༧ ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ དེ་ཡང་ སོ་ནམ་དང་ནགས་ཚལ་ལས་སྡེ་དང་ གནམ་གྲུ་ཐང་གི་དཔལ་འབྱོར་ ཤེས་རིག་དང་ཤེས་ཡོན་ དངུལ་འབྲེལ་དང་རྒྱུ་ནོར་འཛིན་སྐྱོང་ སྔོ་ལྗང་ནུས་ཤུགས་དང་འཕྲུལ་རིག་ གསོ་བ་དང་འཕྲོད་བསྟེན་ དེ་ལས་ ཆོས་འབྲེལ་ཚུ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement