༉ གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་དང་འཁྲིལ་བ་ཅིན་ ཉམས་མྱོང་ཅན་གྱི་ གསོ་བའི་ལས་བྱེདཔ་ཚུ་གིས་ དགོངས་ཞུ་འབད་རུང་ སྤུས་ཚད་ལྡན་པའི་ ཞབས་ཏོག་བྱིན་ནི་ལུ་ ངེས་བརྟན་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གསོ་བའི་ལས་བྱེདཔ་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་འབད་མི་དང་འབྲེལ་ གསོ་བ་ལྷན་ཁག་གིས་ སྤུས་ཚད་ལྡན་པའི་ གསོ་བའི་ཞབས་ཏོག་ཚུ་ བྱིན་ནིའི་དོན་ལུ་ ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ལྷན་རྒྱས་དང་ གནས་ཚུལ་བསྡུ་ལེན་པ་ཚུ་གི་བར་ན་ ཟླ་རིམ་གྱི་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ གསོ་བའི་ལས་བྱེདཔ་གསརཔ་ཚུ་གིས་ ནོར་བ་མི་འབྱུང་ནིའི་དོན་ལུ་ ཐབས་ལམ་ཚུ་ ག་ཅི་ར་ བཏོན་དོ་ག་ཟེར་ དྲི་དཔྱད་འབད་བའི་ ལན་གསལ་སྦེ་ གསོ་བ་བློན་པོ་གིས་ བཤདཔ་ཨིན་པས།
འདས་པའི་ལོ་ཚུ་ལས་ ཉམས་མྱོང་ཅན་དང་ གསོ་བའི་མཁས་མཆོག་ཚུ་ དགོངས་ཞུ་འབད་མི་ལུ་ ངོས་ལེན་འབད་ཐོག་ལས་ བློན་པོ་གིས་ སླབ་མིའི་ནང་ ན་གཞོན་དང་ སེམས་ཤུགས་ཅན་གྱི་ གསོ་བའི་ལས་བྱེདཔ་དང་ འཕྲུལ་རིགཔ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ལམ་ལུགས་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གསོ་བའི་ཁྱད་རིག་གོངམ་ཚུ་གིས་ ན་གཞོན་ལས་བྱེདཔ་ཚུ་ལུ་ སློབ་སྟོན་དང་ ལྟ་བཀོདཔ་འབད་ནི་གི་ འགན་ཁྲི་འབག་སྟེ་ཡོདཔ་ད་ སློབ་སྟོན་དེ་ཡང་ ཤེས་ཡོན་དང་ གསོ་བའི་ལག་ལེན་དངོས་ལྟར་༢ ཀྱི་བར་ན་ འབྲེལ་མཐུན་འབད་ནི་མ་ཚད་ ནདཔ་ཚུ་ལུ་ གསོ་བའི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ བྱིན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ནོར་བ་ཚུ་མར་ཕབ་དང་ འགན་ཁྲི་ཡར་དྲག་གཏང་ཐབས་ལུ་ གསོ་བ་བློན་པོ་གིས་ སླབ་མིའི་ནང་ ལྷན་ཁག་གིས་ གསོ་བའི་ལས་བྱེདཔ་ཚུ་གི་ ལས་དོན་ལྟ་རྟོག་འབད་ནི་གི་ ལམ་ལུགས་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ད་ དེ་ནང་ གཏན་འཇགས་ཀྱི་རྩིས་ཞིབ་དང་ གནད་དོན་བསྐྱར་ཞིབ་ཚུ་ ཚུད་དེ་ཡོད་པའི་ཁར་ ནོར་སྐྱོན་མར་ཕབ་ལུ་ གསོ་བའི་སྒྲིག་གཞི་ཚུ་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།
གལ་སྲིད་ ནོར་བ་རེ་བྱུང་པ་ཅིན་ བློན་པོ་དང་འཁྲིལ་བ་ཅིན་ གནས་ཚད་དང་འཁྲིལ་ཏེ་ གནད་དོན་དེ་ ཞིབ་དཔྱད་འབད་ནི་དང་ དེ་དང་འཁྲིལ་ཏེ་ འགན་ཁྲི་བཀལ་ནི་དང་ ནོར་བ་ལོག་ མི་བྱུང་ནི་ཐབས་ལུ་ དག་བཅོས་ཀྱི་ དང་ལེན་ཚུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
ལྷབ་སྦྱང་དང་ སྡེ་ཚན་ནང་ལཱ་འབད་ནི་ ལམ་ལུགས་འཕྲོ་མཐུད་དེ་ ལག་ལེན་འཐབ་ནི་དང་ སྤུས་ཚད་ཐོག་ བདག་འཛིན་འབད་ནིའི་དོན་ལུ་ འགན་འཁྲི་ཚུ་བཀལ་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ ནད་པའི་ཉེན་སྲུང་དེ་ ལྷན་ཁག་གི་ གཙོ་རིམ་དང་པ་ཨིནམ་ད་ ཁྱད་རིག་གི་གནས་ཚད་ལས་ འགལ་མིའི་གནད་དོན་ཡང་ ལེགས་ཤོམ་སྦེ་ སེལ་ཐབས་འབད་དོ་ཟེར་ཨིན་པས།
གསོ་བའི་བློན་པོ་གིས་ སླབ་མིའི་ནང་ ལྷན་ཁག་གིས་ ཞི་བདེ་དང་ ནདཔ་ཚུ་གི་ གནས་སྟངས་ཡར་དྲག་གཏང་ནི་ལུ་ ཁས་ལེན་འབད་དེ་ཡོདཔ་ད་ དེ་ཡང་ ཁྱད་རིག་གོང་འཕེལ་དང་ ཞབས་ཏོག་སྐྱེལ་སྤྲོད་ ཁྱད་འཕགས་བྱིན་ནི་གི་ རྒྱབ་སྐྱོར་འབད་ཐབས་ལུ་ གསོ་བའི་གནས་སྟངས་ ལེགས་ཤོམ་བཟོ་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement