ཉོ་སྤྱོདཔ་ཚུ་གི་དོན་ལུ་ ཉེན་སྲུང་འབད་དགོཔ།
༉ འཕྲལ་ཁམས་ཅིག་ཁར་ ཆུམ་ནང་འདྲེན་པ་ཅིག་གིས་ མགུ་འབྱིད་རྐྱབ་མི་ལུ་བརྟེན་ དབང་འཛིན་པ་ཚུ་གིས་ ཉེས་བྱ་བཀལ་ཡོདཔ་ད་ དེ་ཡང་ ནང་འདྲེན་པ་དེ་གིས་ ཁེ་སང་མགྱོགས་དྲགས་བཟོ་ནིའི་དོན་ལུ་ ཆུམ་གྱི་སྤུས་ཚད་ བྱང་ཉེས་འབད་མི་ཚུ་ ཁ་ཡིག་མ་འདྲཝ་ བྲིས་ཏེ་ཡོད་པའི་ ཕད་ཙི་གཞན་ཚུ་ནང་ ལོག་སྒམ་རྐྱབ་སྟེ་ བཙོང་ནི་དེ་གིས་ཨིན་མས།
ཁ་རྗེ་ཅིག་ལུ་བརྟེན་ ཆུམ་གྱི་སྤུས་ཚད་སྐོར་ལས་ ན་འཐན་སྦེ་ར་ རིགཔ་འགྱིམ་བལྟ་མི་ ཉོ་སྤྱོདཔ་ཅིག་གིས་ ཚུལ་མིན་འཐབ་པའི་ ཤེས་རྟོགས་བྱུང་སྟེ་ འབྲེལ་ཡོད་དབང་འཛིན་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ མགུ་འབྱིད་རྐྱབ་མི་ ཆུམ་ནང་འདྲེན་པ་དེ་ འཛིན་བཟུང་འབད་ཚུགས་ནུག།
ང་བཅས་ར་ ཉིན་བསྟར་བཞིན་དུ་ ཉེ་བར་མཁོ་བའི་ བཟའ་ཆས་ཚུ་ ནང་འདྲེན་ལུ་བརྟེན་སྡོད་དགོ་ནི་དེ་གིས་ ཉོ་སྤྱོདཔ་ཚུ་ ངེས་པར་དུ་ ཉེན་སྲུང་འབད་ནི་དེ་ ཁག་ཆེ་དྲགས་ཅིག་ཨིནམ་ད་ ཐ་ན་ བཞེས་སྒོའི་རིགས་ སྐྱོ་སུ་འཚམས་ཅིག་ལས་བརྒལ་མ་འབད་རུང་ ཚྭ་ཚོ་ཏོ་ལས་འགོ་བཟུང་སྟེ་ ཆ་མཉམ་ར་ ནང་འདྲེན་ལུ་ བརྟེན་སྡོདཔ་ཨིན།
ནང་འདྲེན་འབད་མི་ བཟའ་ཆས་ཀྱི་རིགས་ཚུ་ ཆ་མཉམ་ར་ སྒམ་རྐྱབ་སྟེ་འོང་ནི་དེ་གིས་ ལྟ་ཞིབ་འབད་ཐབས་མེདཔ་ལས་ ནང་འདྲེན་པ་དང་ སིལ་ཚོང་འཐབ་མི་ཚུ་ལུ་ སྤུས་ཚད་དང་ ལྗིད་ཚད་ནང་ མགུ་འབྱིད་རྐྱབ་ནིའི་ གོ་སྐབས་བྱིནམ་ཨིན་མས།
འདི་བཟུམ་མའི་ གནད་དོན་ལེ་ཤ་བྱུང་མིའི་གྲས་ལས་ དཔེ་འབད་བ་ཅིན་ ཉོ་སྤྱོདཔ་ཅིག་གིས་ ཁོ་གི་ཁྱིམ་ནང་ ཆུ་སླ་བསྲེས་རྐྱབ་མི་ཨོམ་ བཀྲམ་སྤེལ་འབད་བའི་ ཉོགས་བཤད་བཀོད་མི་དང་བསྟུན་ ཨོམ་བཞོ་མི་ བ་དེ་གིས་ ཆུ་ལེ་ཤ་འཐུང་དོ་ཡོདཔ་འོང་ནི་མས་ཟེར་ དགོད་བྲ་བསྒྱུར་ནུག།
གོ་བརྡའི་ཤེས་ཡོན་བྱིན་མི་དང་འབྲེལ་ ཧེ་མ་དང་ཕྱདཔ་ ཉོ་སྤྱོདཔ་ཚུ་གིས་ བཟའ་འཐུང་ལ་སོགས་པའི་ ཚོས་ཆས་ཚུ་ ག་ཅི་ར་ ཉོ་སྟེ་འབད་རུང་ ལྟ་ཞིབ་འབད་བའི་ཁར་ དྲི་བ་བཀོད་མི་དེ་ ལེགས་ཤོམ་ཨིནམ་མ་ཚད་ དེ་གིས་ ཉོ་སྤྱོད་པའི་ ཐོབ་དབང་དང་ ཡང་ན་ འགན་འཁྲི་སྐོར་ལས་ ཤེས་རྟོགས་མེད་མི་ཚུ་ལུ་ དྲན་ཚོར་འབད་ནི་ལུ་ ཆ་རོགས་འབད་ཚུགས་པའི་ ཕན་ཁྱད་འདུག།
ང་བཅས་ལུ་ ཉོ་སྤྱོད་པའི་ ཉེན་སྲུང་དོན་ལུ་ འགན་འཁྲི་འབག་མི་ དབང་འཛིན་ཚུ་ཡོདཔ་ལས་ ཁོང་ཆ་ཁྱབ་ལུ་ སྙན་ཞུ་འབད་བ་ཅིན་ ཚོང་གི་གོང་ཚད་ཚུ་ ཚད་འཛིན་འབད་ནི་དང་ སྤུས་དང་ཉེན་སྲུང་ཡོདཔ་བཟོ་ནི་ལུ་ ལྷན་གྲོགས་འབད་ཚུགས་ནི་ཨིན་མས།
དེ་འབདཝ་ད་ མི་སྟོབས་དང་ འཆར་དངུལ་མ་ལང་པའི་དཀའ་ངལ་ལུ་བརྟེན་ དབང་འཛིན་ཚུ་གིས་ ལྟ་རྟོག་དང་ ཞིབ་དཔྱད་འབད་བར་ ས་གནས་ཆ་མཉམ་ནང་ ལྷོད་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་ད་ ཁོང་གིས་ ཚུལ་མིན་འཐབ་མི་ཚུ་ལུ་ ངོས་ལེན་འབད་ནིའི་དོན་ལས་ ཉོགས་བཤད་དང་ བདེན་ཁུངས་རྐྱངམ་གཅིག་ལུ་ བརྟེན་སྡོདཔ་ལས་ གཙོ་བོ་ཉོ་སྤྱོདཔ་ཚུ་གིས་ར་ སྙན་ཞུ་འབད་དགོཔ་འདུག།
འདི་བཟུམ་མའི་ མགུ་འབྱིད་རྐྱབ་ནི་དེ་ ཉིན་བསྟར་བཞིན་དུ་ གནས་རིམ་ཆ་མཉམ་གྱི་ཐོག་ལུ་ བྱུང་དོ་ཡོདཔ་ད་ གལ་སྲིད་ གོང་ཚད་ཁེ་བའི་ ནང་འདྲེན་ཆུམ་ཚུ་ ལོག་སྒམ་རྐྱབ་སྟེ་ གོང་ཚད་མཐོ་སུ་སྦེ་ ཚོང་ཁང་ཚུ་ནང་ ཁྱབ་ཆེ་དྲགས་སྦེ་ བཙོང་དོ་ཡོདཔ་ལས་ དེ་གིས་ ང་བཅས་རའི་ གཟུགས་ཁམས་འཕྲོད་བསྟེན་ལུ་ཡང་ གནོད་ནིའི་ཉེན་ཁ་འདུག།
ང་བཅས་རའི་ དབང་འཛིན་ཚུ་གིས་ བཟའ་འཐུང་གི་སྤུས་ཚད་དང་ ཉེན་སྲུང་ དེ་ལས་ གོང་ཚད་ཀྱི་ ལྟ་རྟོག་ཚུ་ ལེགས་ཤོམ་འབད་དགོཔ་མ་ཚད་ གྲོས་ཐག་བཅད་མི་ཚུ་ལུ་ ཐབས་རིག་དང་ མི་སྟོབས་གོང་འཕེལ་ལ་སོགས་པ་ཚུ་གི་ ཆ་རོགས་འབད་དགོཔ་འདུག།