༉ བདེ་སྲུང་ཁྲག་གི་ ཞལ་འདེབས་ལས་རིམ་གྱིས་ རྒྱ་གར་ ཀཱོལ་ཀ་ཏ་ ཊ་ཊ་སྨན་ཁང་ལྟེ་བའི་ནང་ ཁྲག་ཡུ་ནིཊ་༧༠༠ དགོས་མཁོ་བྱུང་མི་དེ་ གྲུབ་ཡོདཔ་བཞིན་དུ་ ད་རེས་ སྨན་ཁང་ནང་ འབྲུག་པའི་ཀེན་སར་ནདཔ་༡༢༡ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
བདེ་སྲུངཔ་༡,༠༠༠ མ་ལངམ་ཅིག་གིས་ དམིགས་བསལ་དུ་ ཊ་ཊ་སྨན་ཁང་ནང་ ཁྲག་དང་འབྲེལ་བའི་ ཀེན་སར་ཐོབ་མི་ནདཔ་ སྨན་བཅོས་འབད་མི་ཚུ་ལུ་ ཁྲག་གི་ཞལ་འདེབས་བྱིན་ནི་ལུ་ ཁས་བླངས་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ ཀེན་སར་དང་ ནད་གཞི་གཞན་ཐོབ་མི་ནདཔ་ཚུ་ལུ་ ཁྲག་མ་ལང་པའི་ དཀའ་ངལ་ཚབས་ཆེན་བྱུང་མི་དེ་ སེལ་ཐབས་འབད་ནི་ལུ་ཨིན་པས།
བདེ་སྲུང་གི་ ལས་རིམ་གཙོ་འཛིན་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ལས་རིམ་གྱི་ དམིགས་ཡུལ་དེ་ཡང་ མི་དབང་མཆོག་གི་ སྐྱིན་སྡུག་གྲུབ་ཐབས་དང་ ཊ་ཊ་སྨན་ཁང་ནང་ ཁྲག་ཚབ་མ་བྱིན་དགོཔ་ཡོད་མི་ཚུ་སྤྲོད་ནི་ དེ་ལས་ བདེ་སྲུངཔ་ཚུ་གིས་ མི་སྡེ་ལུ་ ཞབས་ཏོག་ཞུ་ནིའི་ ཁས་བླངས་གསལ་སྟོན་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
གསོ་བའི་བརྟག་དཔྱད་འབད་བའི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ བདེ་སྲུངཔ་ཤོ་ཐེངས་དང་པ་དེ་ ཀཱོལ་ཀ་ལུ་ སོང་ཡོདཔ་ད་ ཊ་ཊ་ཁྲག་བཙག་ས་ལུ་ ཉིནམ་རེ་ལུ་ ཁྲག་གི་ཞལ་འདེབས་བྱིན་མི་༤༠ དེ་རེ་ ཤོང་ཚུགསཔ་སྦེ་ གྲ་སྒྲིག་འབད་ནུག།
བདེ་སྲུངཔ་༤༡ འབད་མི་ ཤོ་ཐེངས་དང་པ་གིས་ རེས་གཟའ་སྤེན་པ་ལུ་ ཁྲག་གི་ཞལ་འདེབས་བྱིན་པའི་ཤུལ་ལས་ སྤྱི་ཟླ་༢༨ ལུ་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ད་ བདེ་སྲུངཔ་ཤོ་ཐེངས་༢ པམ་དེ་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ ཀཱོལ་ཀ་ལུ་ སོང་ཡོདཔ་ཨིན་པས།
བདེ་སྲུང་ཡིག་ཚང་དང་ གསོ་བ་ལྷན་ཁག་ དེ་ལས་ མི་དབང་མཆོག་གི་ སྐྱིད་སྡུག་དྲུང་ཆེན་ཡིག་ཚང་གིས་ ཁྲག་གི་ཞལ་འདེབས་བྱིན་ནིའི་ འོས་འབབ་ཡོད་མི་ཚུ་ལུ་ བརྟག་དཔྱད་དང་ ལྷན་ཐབས་འབད་ཡོདཔ་ཨིན་པས།
གཞུང་གིས་ ལོ་བསྟར་བཞིན་དུ་ འབྲུག་པའི་ནདཔ་ཚུ་ རྒྱ་གར་ལུ་ སྨན་བཅོས་འབད་བར་ གཏང་ནིའི་དོན་ལུ་ རུ་པི་ས་ཡ་༣༥༠ དེ་རེ་ བགོ་བཀྲམ་འབད་དོ་ཡོདཔ་ད་ ཁྲག་གི་དགོས་མཁོ་དེ་ གདོང་ལེན་ཅན་ཅིག་སྦེ་ བྱུང་དོ་ཡོདཔ་ཨིན་པས།
ཁྲག་དེ་ འཕྲལ་མཁོ་ཅན་སྦེ་ར་ དགོས་མཁོ་ཡོདཔ་ལས་ རྒྱ་གར་ལུ་ འབྲུག་པའི་ དོན་གཅོད་ཡིག་ཚང་གིས་ མཉམ་འབྲེལ་ཐོག་ལས་ ཁྲག་གི་ཞལ་འདེབས་ལས་རིམ་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བདེ་སྲུངཔ་ འབྲུག་བཟངམོ་གིས་ སླབ་མིའི་ནང་ མི་དབང་མཆོག་གི་སྐྱིད་སྡུག་དང་ ཊ་ཊ་སྨན་ཁང་ནང་ འབྲུག་པའི་ནདཔ་ཚུ་ལུ་ ཁྲག་དགོཔ་སྦེ་ གོ་བའི་ཤུལ་ལས་ ཁྲག་གི་ཞལ་འདེབས་ལས་རིམ་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
བདེ་སྲུངཔ་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ སྨན་ཁང་སྡོད་མི་ འབྲུག་པའི་ནདཔ་ཚུ་གིས་ བདེ་སྲུངཔ་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་བཤད་མི་དེ་ཡང་ ཀཱོལ་ཀ་ཏ་ལས་ ཁྲག་ཉོ་བའི་སྐབས་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༧,༠༠༠ དེ་རེ་ བྱིན་དགོ་མི་ལུ་བརྟེན་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་པའི་ནདཔ་ རུ་ཏོ་གི་ ཀེན་སར་ཐོབ་མི་ཚུ་ལུ་ འཕྲལ་འཕྲལ་ར་ ཁྲག་ཡུ་ནིཊ་༣༡ དེ་ཅིག་ དགོ་པས་ཟེར་ཨིན་པས།
ཊ་ཊ་སྨན་ཁང་གི་ ལས་ཚན་འགོ་འཛིན་༡༡ དང་ མདོ་ཆེན་གྱིས་ མི་དབང་མཆོག་དང་ བདེ་སྲུངཔ་ཚུ་ལུ་ བཀྲིན་དགའ་ཚོར་ཞུ་བར་ འོང་ཡོདཔ་ཨིན་པས།
ཁྲག་གི་ཞལ་འདེབས་བྱིན་པར་འོང་མི་ བདེ་སྲུངཔ་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ཀཱོལ་ཀ་ལུ་ཡོད་པའི་ འབྲུག་གི་ དོན་གཅོད་ཡིག་ཚང་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ལས་ གསོ་བའི་ལས་ཚབ་ཚུ་གིས་ ལས་རིམ་དེ་ལུ་བརྟེན་ ལཱ་བརྒྱ་ཆ་༦༠ འཇམ་ཏོང་ཏོ་བཟོ་མི་དེ་ ནདཔ་དང་གཅིག་ཁར་སྡོད་མི་ཚུ་ལུ་ ཁྲག་གི་ཞལ་འདེབས་འབད་དགོཔ་སྦེ་ ཨུ་ཚུགས་རྐྱབ་མི་ལུ་བརྟེན་ཨིན་པས།
བདེ་སྲུངཔ་ ཤོ་ཐེངས་དང་པའི་ནང་ ཕུན་ཚོགས་གླིང་ལས་ བདེ་སྲུངཔ་༡༧ དང་ ཐིམ་ཕུག་ལས་ བདེ་སྲུངཔ་༢༤ ཡོདཔ་ཨིན་པས།
བདེ་སྲུང་ཤོ་ཐེངས་༣ པ་དེ་ ནངས་པར་ ཊ་ཊ་སྨན་ཁང་ནང་ འགྱོ་ནི་ཨིནམ་ད་ ཤོ་ཐེངས་༤ པ་དེ་ སྤྱི་ཟླ་༨ པའི་ཚེས་༤ ལུ་ རྩི་རང་ལས་སྦེ་ འགྱོ་ནིའི་ལས་རིམ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།