༉ ཕྱི་མི་ ཨིམ་མ་ཨིསི་ལེཌ་ཟེར་མི་ ཡོངས་གྲགས་ལུ་ ཨ་ནེ་པདྨ་བདེ་སྐྱིད་ཀྱིས་ མི་ཚེའི་ནང་ གདོང་ལེན་ཚུ་ ལེ་ཤ་བྱུང་མི་དང་བསྟུན་ ངོས་ལེན་ཡང་ བྱུང་ཡོདཔ་ཨིན་པས།
ཨིང་ལེནཌི་ལས་ཨིན་མི་ སྐྱེས་ལོ་༥༨ ལང་མི་ ནང་པའི་ཆོས་འབད་སྡོད་མི་གིས་ ཧཱ་རྫོང་ཁག་ལས་འགོ་བཙུགས་ འབྲུག་གི་རྐང་ལམ་ ཀི་ལོ་མི་ཊར་༤༠༠ འབད་མི་དེ་ ལམ་འགྲུལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མོ་གི་དམིགས་ཡུལ་དེ་ དབང་པོ་ལུ་ཐོ་ཕོག་མི་ འབྲུག་པའི་ན་གཞོན་ཚུ་ལུ་ མ་དངུལ་བཟོ་ནིའི་་དོན་ལུ་ ཨིན་ཟེར་ཨིན་པས།
ཐོ་བཀོད་ཅན་གྱི་ ཡུ་ཀེ་སྐྱབས་བཅོལ་ལས་ཚོགས་ གཞི་བཙུགས་འབད་མི་དང་ བཀོད་ཁྱབ་གཙོ་འཛིན་ ཨ་ནེ་པདྨ་བདེ་སྐྱིད་ཀྱིས་ འབྲུག་ལུ་སྡོད་དེ་ ལོ་༡༢ ལང་ཡོདཔ་ད་ མོ་གིས་ འབྲུག་པའི་སློབ་དཔོན་མཁས་པ་ཚུ་ལས་ ཆོས་ཚུ་ཞུ་ཡོདཔ་ཨིན་པས།
མོ་གི་ཁས་བླངས་དེ་ ལ་བཤལ་གྱི་གནས་ཚད་ནང་མེན་པར་ སྔར་སྲོལ་གྱི་ཨ་ནེ་མོའི་ ལ་བཤལ་ལམ་འགྲུལ་ལུ་ གདམ་ཁ་རྐྱབ་ཡོདཔ་ད་ མ་གཞི་ ང་ར་ལ་བཤལ་འགྱོ་མི་ཅིག་མེན་ ཨིན་རུང་ ངེ་གིས་ ལམ་འགྲུལ་དེ་གིས་ ང་རའི་མནོ་དོན་ལས་ ལྷག་པའི་དོན་དག་འགྲུབ་ཚུགས་པའི་ རེ་བ་ཨིན་ཟེར་ མོ་གིས་བཤདཔ་ཨིན་པས།
ལ་བཤལ་ལམ་འགྲུལ་དེ་ སྤྱི་ཟླ་༡༠ པའི་ཚེས་༡༧ ལས་འགོ་བཙུགས་ བཀྲིས་སྒང་ལུ་ མཇུག་བསྡུ་ནི་ཨིན་མི་གིས་ ཉིན་གྲངས་༤༠ དེ་ཅིག་ འགོར་ནི་བཟུམ་སྦེ་ཡོདཔ་ཨིན་པས།
འབྲུག་ལུ་ ཁྱེད་རའི་བློ་སྟོབས་སྒོ་ཡངས་ཅན་ཟེར་བའི་ ལས་ཚོགས་ཀྱི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ མོ་དང་གཅིག་ཁར་ ཆ་རོགས་སྦེ་འགྱོ་ནི་དང་ གཞན་མི་འབྲེལ་བ་ཅན་གྱི་ ལ་བཤལཔ་ཚུ་གིས་ཡང་ གྲལ་གཏོགས་འབད་ནི་ཨིན་པས།
ཨ་ནེ་པདྨ་བདེ་སྐྱིད་ཀྱིས་ འབྲུག་པའི་མི་ཁུངས་ཚུ་གིས་ ལམ་འགྲུལ་འདི་ལུ་ དགའ་ཚོར་བསྐྱེད་ནི་དང་ མི་སེར་ཚུ་གིས་ འདི་ཁར་བཅའ་མར་གཏོགས་འོང་ཟེར་ཨིནམ་ད་ གལ་སྲིད་ ང་ལུ་ དགོས་མཁོ་བྱུང་སྟེ་ ལམ་བར་ལུ་ ཨ་ལུ་ཚུ་ཕྱདཔ་འདྲཝ་འབད་བ་ཅིན་ ཁོང་དང་གཅིག་ཁར་ འབྲེལ་བ་འཐབ་ཞིནམ་ལས་ ཁོང་རའི་དཀའ་ངལ་ཚུ་ བརྗེ་སོར་དང་ མཁོ་གལ་ཚུ་ སླབ་བཅུག་ནི་ལུ་ སྤྲོ་བ་བསྐྱེད་ནི་ཟེར་ཨིན་པས།
རྒྱལ་ཁབ་ནང་ ལ་བཤལ་འགྱོ་མི་ ལེ་ཤ་ཡོད་པའི་གྲས་ལས་ ཊནསི་བྷུ་ཊན་ཊེལ་ཟེར་མི་ ལམ་འགྲུལ་དེ་ ག་ཅི་སྦེ་ གདམ་ཁ་རྐྱབ་རྐྱབ་སྨོ་ཟེར་ དྲིས་བཀོད་འབདཝ་ད་ ཨ་ནེ་པདྨ་བདེ་སྐྱིད་ཀྱིས་ དེ་ཚུ་ག་ར་ མོ་ར་འབྲུག་ལུ་དགའ་ནི་དེ་གིས་ ཨིན་ཟེར་ཨིནམ་བཞིན་དུ་ ང་གིས་ ནུབ་ཕྱོགས་ལས་ ཤར་ཕྱོགས་ཚུན་ལུ་ ལམ་འགྲུལ་འབད་ཚུགས་པ་ཅིན་ འབྲུག་འདི་ ངེ་གི་ ལག་པར་ལེན་བཞག་དོ་བཟུམ་ཅིག་གི་ ཚོར་སྣང་ཡོད་ཟེར་ཨིན་པས།
བཀྲིས་སྒང་ལས་ དུས་ཡུན་སྐར་མ་༣༠ འགྲོ་འགྲུལ་འབད་དགོ་པའི་ ས་གནས་བཀང་ལུང་དེ་ མོ་གི་སེམས་ཁར་ བབས་པའི་ས་ཁོངས་ སྤྲོ་ཆེ་ཏོག་ཏོ་ཅིག་ཨིནམ་ད་ ད་ཚུན་ མོ་གི་སྐྱབས་བཅོལ་བ་གིས་ འབྲུག་ལུ་ཡུ་ཨེས་ཌི་ས་ཡ་༡ ཞལ་འདེབས་འབད་མི་དེ་ མ་དངུལ་མང་ཤོས་ཅིག་ བཀང་ལུང་གི་ཨ་ལུ་ དབང་པོ་ལུ་ཐོ་ཕོག་མི་ཚུ་གི་དོན་ལུ་ ཟད་འགྲོ་བཏང་ཡི་ཟེར་ཨིན་པས།
བཀང་ལུང་གི་ བྲག་མཚོ་སློབ་གྲྭ་ནང་ ད་རེས་འབད་བའི་བསྒང་ལས་ རྩེདམོ་རྩེ་ས་དང་ ཕྱི་ཁར་ཆུ་འཁྱུ་ས་ འཁོར་ལོ་ཅན་གྱི་ལམ་ དཔེ་མཛོད་ཁང་ ལྷབ་སྦྱང་འབད་ས་ལ་སོགས་པ་ཚུ་ག་ར་ མོ་རའི་སྐྱབས་བཅོལ་བ་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ད་ལྟོ་ སློབ་དཔོན་གྱི་ སྡོད་ཁྱིམ་གཉིས་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ དེ་ཡང་ མོ་ར་ས་ཁོངས་ནང་ལྷོདཔ་ཅིག་ སྒོ་འབྱེད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཊནསི་བྷུ་ཊན་ཊེལ་ལམ་འགྲུལ་དེ་ མོ་གི་ལོ་ཚད་ནང་འབདཝ་ད་ གནམ་གཤིས་གནས་སྟངས་ལུ་བརྟེན་ འཇམ་ཏོང་ཏོ་ཅིག་ མེན་པས་ཟེར་ཨིན་པས།
ཨ་ནེ་པདྨ་བདེ་སྐྱིད་ཀྱི་ ལམ་འགྲུལ་དེ་གིས་ འབྲུག་པའི་ཤེས་ཡོན་ཡར་དྲག་ལུ་ ཕན་ཐབས་འབྱུང་ནི་ཨིནམ་ད་ གཞུང་གིས་ ཕྱག་ལཱ་ཚུ་ ལེགས་ཤོམ་གནང་དོ་ཡོད་རུང་ ད་རུང་ཡང་ རྒྱབ་སྐྱོར་དགོཔ་འདུག་ཟེར་ཨིནམ་བཞིན་དུ་ མོ་གིས་ སེམས་ཤུགས་བསྐྱེད་མི་ལུ་ གཞུང་གིས་ཡང་ རྒྱབ་སྐྱོར་འབདཝ་ད་ འོས་འབབ་ལྡན་པའི་ མཁོ་གལ་ཚུ་ འགྲུབ་ཚུགས་པས་ཟེར་ཨིན་པས།
ཀེམ་བི་རེཇ་གཙུག་ལག་གི་ ཤེས་ཚད་འཆང་མི་ ཧེ་མ་ ལཱོན་ཌཱཅན་ ནིའུ་ཡོག་དང་ ཧོང་ཀོང་ལུ་ དངུལ་རྩིས་ལྟ་རྟོག་འགོ་དཔོན་སྦེ་ ལཱ་འབད་མི་ ཨ་ནེ་པདྨ་བདེ་སྐྱིད་དེ་ ཨིན་ཌོ་ནེ་ཤི་ཡ་ལུ་ ཚོང་འབྲེལ་འཐབ་པའི་སྐབས་ ཁ་སྒྱུར་སྦོམ་སྦེ་ར་ འབད་དགོཔ་བྱུང་མི་དེ་ཡང་ ཨར་རྐུན་འབད་མི་ཚུ་གིས་ མོ་ལུ་ ཀྲོབ་མདའ་དཔག་ཐོག་ལས་ འཛིན་བཟུང་འབད་མི་ལུ་བརྟེན་ མོ་རའི་མི་ཚེ་ནང་ མནོ་བསམ་ཐེབས་ཅིག་ར་ གཏང་དགོཔ་བྱུང་ཡོདཔ་ཨིན་པས།
འདི་བཟུམ་སྦེ་ མི་གཞན་མི་གིས་ རང་གི་མི་ཚེ་ལུ་ བར་ཆད་རྐྱབ་ནི་འབདཝ་ད་ མོ་ར་གིས་ མོ་ར་ལུ་ དྲི་བཀོད་འབད་དགོཔ་ བྱུང་ཡོདཔ་བཞིན་དུ་ ཉིནམ་དེ་ལས་ཚུར་ མོ་གིས་ ནང་པའི་ཆོས་ལུ་ ཁ་སྒྱུར་ཐོག་ལས་ མོ་ར་འབྲུག་རྒྱལ་ཁབ་ནང་ འོང་ནི་ལུ་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
མོ་གིས་ འབྲུག་རྒྱལ་ཁབ་ནང་ ཐེངས་༤༠ ལྷགཔ་ཅིག་འོང་ཡོདཔ་ད་ ཆུ་ཁ་ལས་ ན་གཞོན་བུམོ་ཅིག་གིས་ མོ་ལུ་ སེམས་ཤུགས་བསྐྱེད་བཅུག་མི་ལུ་བརྟེན་ ཨ་ནེ་པདྨ་བདེ་སྐྱིད་ཀྱིས་ སྐྱབས་བཅོལ་བའི་ལས་ཚོགས་ གཞི་བཙུགས་འབད་དེ་ ལོ་ངོ་བཅུ་ཕྲག་ལང་དོ་ཡོདཔ་ད་ དེ་ཡང་ ཨ་ལུ་ཚུ་ལུ་ འགྱུར་བ་འབག་འོང་ནི་ལུ་དམིགས་ཏེ་ ཨིནམ་བཞིན་དུ་ ཨ་ནེམོ་འབད་བ་ཅིན་ དེ་གིས་ དོན་དང་ཆ་མཚུངས་འདུག་ཟེར་ མོ་གིས་ བཤདཔ་ཨིན་པས།
མོ་གིས་ ལམ་འགྲུལ་དེ་ རྒྱལ་སྤྱིའི་བརྡ་བརྒྱུད་ བི་བི་སི་དང་ ཨིས་ཀའེ་ནིའུསི་ཚུ་གིས་ གནས་ཚུལ་ཁྱབ་སྤེལ་འབད་བའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།