༉ འབྲུག་གི་ཕུཊ་བཱོལ་སྡེ་ཚན་ ཊཱནསི་པོརཊ་ཡུ་ནའེ་ཊེཌ་གིས་ ད་རིས་ རྒྱ་གར་སི་ཀིམ་ ཇོ་རི་ཐང་རྩེད་ཐང་ནང་སྦེ་ གཱོལ་ཀབ་ཕུཊ་བཱོལ་རྩེད་འགྲན་ནང་ ནེ་པཱལ་ཇ་པ་༡༡ དང་གཅིག་ཁར་ རྩེད་ཐེངས་དང་པ་ དོ་འགྲན་འབད་ནི་ཨིན་པས།
རྩེད་འགྲན་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ ཐོན་མི་ལུ་བརྟེན་ ལོ་ལྔ་གི་རྒྱབ་ལས་ ད་རེས་ ལོག་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
འགྲན་བསྡུར་དེ་ ནམ་ཅི་རྫོང་ཁག་ཕུཊ་བཱོལ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༡ པའི་ཚེས་༩ ལས་༢༡ གི་རིང་ རྩེད་འགྲན་འབད་ནི་ཨིན་མི་ནང་ རྒྱ་གར་ ནེ་པཱལ་ དེ་ལས་ འབྲུག་གི་སྡེ་ཚན་རྩིས་ཏེ་ སྡེ་ཚན་༡༢ ཀྱིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ཊནསི་པོརཊ་ཡུ་ནའེ་ཊེཌ་སྡེ་ཚན་གྱིས་ སྤྱི་ཟླ་༡ པའི་༡༣ ལུ་ རྒྱ་གར་སི་ཀིམ་ལུ་ ལྷོད་ཡོདཔ་ད་ ཁོང་གི་སྦྱོང་བརྡར་ཚུ་ ཁ་ཙ་ལས་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཊཱནསི་པོརཊ་ཡུ་ནའེ་ཊེཌ་གིས་ རྩེད་འགྲན་འགོ་བཙུགས་པའི་སྐབས་ལུ་ར་ གདོང་ལེན་འབྱུང་ནི་ཨིན་རུང་ རྩེད་འགྲན་དེ་ དོ་འགྲན་ཅན་ཅིག་སྦེ་ རྩེད་ནི་ཨིན་པའི་གུ་ སྤྱི་ལོ་༢༠༢༠ ལུ་ རྩེད་ཐེངས་དགུ་པ་རྩེ་བའི་ཤུལ་ལུ་ ད་རེས་བཅའ་མར་གཏོགས་མི་དེ་ གྲུབ་འབྲས་ཅན་ཅིག་འོང་ནི་ཨིན་པས།
ཇ་པ་༡༡ སྡེ་ཚན་གྱིས་ སྤྱི་ཟླ་༡ པའི་ཚེས་༡༣ ལུ་ རྡོ་རྗེ་གླིང་གི་སྡེ་ཚན་ ཇི་ཊི་ཨེ་༡༡ དང་ རྩེད་འགྲན་འབད་བའི་སྐབས་སུ་ པེ་ནལ་ཊི་རྩེད་ཐོག་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཀ་ལབ་ཀྱི་འགོ་དཔོན་ ཧཱ་རི་གུ་རུང་གིས་ འབད་བ་ཅིན་ རྩེད་འགྲན་དང་པ་དེ་ དོ་འགྲན་ཅན་ཅིག་འོང་ནི་དང་ དེ་ཡང་ རྩེད་འགྲན་འབད་མི་སྡེ་ཚན་ཚུ་གིས་ ཟླཝ་ཅིག་གི་རིང་ སྦྱོང་བརྡར་ཚུ་ འབད་ཡི་ཟེར་ཨིནམ་ད་ ཁོ་གིས་ འབད་བ་ཅིན་ འགྲན་བསྡུར་དེ་ གནད་འགག་ཅན་ཅིག་ཨིན་མི་དེ་ཡང་ སྡེ་ཚན་གྱིས་ རྒྱལ་སྤྱིའི་ནང་ མིང་གཏམ་ཚུ་ འཐོབ་ཚུགས་ཟེར་ཨིན་པས།
ཀ་ལབ་ནང་ རྩེད་འགྲན་འབད་མི་ ན་གཞོན་ཚུ་ཡོད་པའི་གུ་ གཙོ་ཅན་སྦེ་རྩེད་མི་ཚུ་ཡང་ ཀ་ལབ་གཞན་ནང་ལས་ ཁྱིད་འོང་ཡོདཔ་སྦེ་ཨིན་པས།
མི་སྡེ་བརྡ་བརྒྱུད་ནང་ གནས་ཚུལ་བཀོད་དོ་བཟུམ་ འབད་བ་ཅིན་ ཊནསི་པོརཊ་ཡུ་ནའེ་ཊེཌ་སྡེ་ཚན་གྱིས་ རྩེད་འགྲན་འབདཝ་ད་ གཅིག་སྒྲིལ་དང་ གཅིག་མཐུན་ཐོག་ལུ་ འབདཝ་མས་ཟེར་ཨིནམ་ད་ ང་བཅས་ཀྱིས་་རྩེད་འགྲན་ནམ་ར་འབད་རུང་ ལྟདམོ་བལྟ་མི་ཚུ་གི་ ཡིད་འཚིམས་འབྱུང་ནི་དང་ སྡེ་ཚན་གྱི་མིང་གཏམ་བཞག་ནི་ལུ་ གཙོ་བོར་བཟུམ་ཨིན་ཟེར་ཨིནམ་ད་ ད་རེས་ཀྱིས་ འགྲན་བསྡུར་དེ་གིས་ཡང་ ང་བཅས་ལུ་ ངོས་ལེན་དང་ རྒྱལ་ཁབ་ཀྱི་ མིང་གཏམ་བཞག་ནི་ལུ་ གོ་སྐབས་ཅིག་ཨིན་ཟེར་ཨིན་པས།
ཀ་ལབ་སྡེ་ཚན་གྱིས་ ད་རེས་ཀྱི་རྩེད་འགྲན་ནང་ བཅའ་མར་གཏོགས་མི་དེ་ ཐེངས་གཉིས་པ་ཨིན་ཟེར་ཨིན་པས།
ཊནསི་པོརཊ་ཡུ་ནའེ་ཊེཌ་གིས་ སྤྱི་ལོ་༢༠༢༠ ལུ་ཡང་ རྒྱ་གར་ནེ་བི་སྡེ་ཚན་དང་ མི་ནར་བ་པཱན་ཇབ་སྡེ་ཚན་གཉིས་ཕམ་བཏང་སྟེ་ མཐའ་བཅད་འོག་མའི་ནང་ ལྷོད་ཡོདཔ་ཨིན་པས།
དུས་ཅི་གི་རྩེད་འགྲན་དེ་ མར་ཀར་ས་ཀན་ཏི་ ཧིན་དུ་དུས་སྟོན་དང་གཅིག་ཁར་ དུས་མཉམ་ལུ་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement