༉ ལྷོ་ཨེ་ཤི་ཡ་ཡིག་ཚང་ལས་ ཊིག་ཊོག་གི་ འགོ་དཔོན་༢ ཀྱིས་ སྤྱི་ཟླ་༡ པའི་ཚེས་༧ ལས་༩ ཚུན་ འབྲུག་ལུ་ལྟ་སྐོར་ལུ་འོང་ཡོདཔ་ད་ དེ་ཡང་ འབྲུག་གི་ལས་སྡེ་ཁག་ཚུ་དང་གཅིག་ཁར་ མཉམ་འབྲེལ་གྱི་ གྲོས་བསྟུན་ཚུ་འབད་ནིའི་དོན་ལུ་ཨིན་པས།
ལྟ་སྐོར་དེ་ འབྲུག་བརྡ་དོན་རྒྱུན་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱིས་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལྟ་སྐོར་གྱི་སྐབས་ལུ་ མཉམ་འབྲེལ་དང་ ཊིག་ཊོག་ཡོངས་འབྲེལ་གྱི་སྐོར་ལས་ སྒྲིག་བཀོད་ཧ་གོ་ཐབས་དང་ འབྲུག་གི་ ཊིག་ཊོག་ལག་ལེན་པ་ཚུ་ལུ་ སྒྲིག་གཞི་གི་སྐོར་ལས་ དྭངས་གསལ་བཟོ་ནི་ལུ་དམིགས་ཏེ་ཨིན་པས།
ལྟ་སྐོར་གྱི་སྐབས་ ཊིག་ཊོག་གི་འགོ་དཔོན་ མི་མང་སྲིད་བྱུས་དང་གཞུང་དབང་འབྲེལ་གནད་འགོ་དཔོན་ ཕར་ཌོས་ ཨེ་ཨའི་ མོ་ཏ་ཀིན་དང་ ཁྲིམས་དོན་ལག་ལེན་འགོ་འཛིན་ གའུ་ཏམ་བོ་ར་གིས་ གཞི་སྟེགས་ཀྱི་རིམ་འགྱུར་སྐོར་ལས་ གྲོས་བསྟུན་ཚུ་འབད་མིའི་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
མཉེན་ཆས་དེ་ སྤྲོ་སྣང་ཅན་ཅིག་སྦེ་ མཐོང་གསལ་འབྱུང་ཞིནམ་ལས་ ཊིག་ཊོག་གིས་ ཐབས་ལམ་གསརཔ་ལེ་ཤ་བཏོན་པའི་ཁར་ ཐོན་སྐྱེད་གོང་འཕེལ་ ཨང་ཅན་དཔལ་འབྱོར་ཡར་ཐོན་ལ་སོགས་པ་ཚུ་ འབད་དོ་ཡོདཔ་སྦེ་ཨིན་པས།
ལྟ་སྐོར་ནང་འོང་མིའི་ དམིགས་གཏད་དེ་ཡང་ འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་གྱིས་འབད་བ་ཅིན་ ཊིག་ཊོག་དང་གཅིག་ཁར་ མཉམ་འབྲེལ་འབད་ཞིནམ་ལས་ དགོས་མཁོ་ཅན་གྱི་མཐུན་རྐྱེན་ཚུ་ བགོ་བཀྲམ་འབད་དེ་ འབྲུག་གི་ཊིག་ཊོག་ལག་ལེན་པ་ཚུ་ལུ་ སྒྲིག་གཞི་ཚུ་ བཟོ་ནི་ཨིན་ཟེར་ཨིན་པས།
ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་ འོང་དགོ་མི་དེ་ཡང་ འབྲུག་ལུ་ཊིག་ཊོག་ལག་ལེན་འཐབ་མི་མངམ་ཡོདཔ་ད་ དེ་ཡང་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་ཨ་ལུ་ཅིག་ལས་འགོ་བཙུགས་ མི་སྦོམ་ཚུན་ག་ར་གིས་ ལག་ལེན་འཐབ་དོ་ཡོདཔ་སྦེ་ དབང་འཛིན་གྱི་མདོ་ཆེན་ འཇིགས་མེད་དབང་འདུས་ཀྱིས་ སླབ་ནི་དེ་གིས་ཨིནམ་ད་ ང་བཅས་ཀྱིས་ ཁོང་གིས་འབད་མི་ལག་ལེན་དང་ སྲིད་བྱུས་ཚུ་ ཧ་གོ་དགོཔ་མ་ཚད་ མ་འོངས་པའི་དོན་ལུ་ ཐད་ཀར་དུ་ རྒྱུན་འབྲེལ་འཐབ་ཚུགསཔ་ འབད་ནི་ཨིན་ཟེར་ཨིན་པས།
ཊིག་ཊོག་གི་ བརྗོད་དོན་གཙོ་བོ་དེ་ གྲོས་བསྟུན་འབད་ནི་ཨིནམམ་ད་ དེ་ཡང་ སྣ་མང་ལས་དོན་རིམ་ལུགས་ བཅོས་མའི་རིག་རྩལ་འགོ་བཙུགས་ནི་ འཕྲུལ་ཆས་ཀྱི་ལྷབ་སྦྱང་ཕྱི་སེལ་འབད་ནི་ དེ་ལས་ དངོས་གཟུགས་ཐོག་ རྒྱུ་ཆས་བསྐྱར་ཞིབ་འབད་ནི་དེ་ ཨིན་ཟེར་ཨིན་པས།
སྤྱིར་བཏང་གི་ རྒྱུན་འབྲེལ་ལག་ལེན་ཚུ་ ཊིག་ཊོག་རིམ་ལུགས་ཁོ་ར་གིས་ མཐའ་སྐྱོང་འབད་དོ་ཡོདཔ་ད་ དེ་ཡང་ གལ་སྲིད་ ང་བཅས་ཀྱིས་ ཚུལ་དང་ལྡནམ་སྦེ་ ལག་ལེན་འཐབ་ཚུགས་པ་ཅིན་ བསྟར་སྤྱོད་འབད་ཚུགས་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཊིག་ཊོག་ལག་ལེན་སྡེ་ཚན་ནང་ རྫོང་ཁའི་ཁ་སྐད་ཤེས་མི་ དེ་ཅིག་ར་མེདཔ་ལས་ གདོང་ལེན་ཚུ་བྱུང་དོ་ཡོདཔ་ད་ མ་འོངས་པའི་ནང་ འདི་བཟུམ་གྱི་ གོ་སྐབས་ལེན་ནི་ལུ་ དང་འདོད་ཡོད་ཟེར་ འཇིགས་མེད་དབང་འདུས་ཀྱིས་ བཤདཔ་ཨིན་པས།
འབྲུག་བརྡ་བརྒྱུད་དང་བརྡ་དོན་དབང་འཛིན་གྱི་ མདོ་ཆེན་གྱིས་ བཤད་མིའི་ནང་ ཊིག་ཊོག་གི་གནད་དོན་ནང་ ཉོགས་བཤད་བཀོད་མི་དེ་ ལང་ཤོར་བཟུམ་ཅིག་ཨིན་མས་ཟེར་ཨིནམ་ད་ ཞི་བའི་གནད་དོན་ཚུ་ ནང་འཁོད་ལུ་ བདེ་སྒྲིག་འབད་དོ་ཡོད་རུང་ ཁྲིམས་འགལ་ཨིན་མི་ཚུ་འབད་བ་ཅིན་ ཁྲིམས་འདུན་ལུ་ བཏང་དོ་ཟེར་ཨིན་པས།
དབང་འཛིན་གྱིས་ ཊིག་ཊོག་དང་གཅིག་ཁར་ མཉམ་འབྲེལ་འབད་ཐོག་ལས་ སྒྲིག་གཞི་ཚུ་སྒྲིང་སྒྲི་བཟོ་སྟེ་ རྒྱལ་ཁབ་ནང་ ཨང་ཅན་གྱི་བསྒྱུར་བ་འགྱོ་བའི་ནམ་དུས་ལུ་ རྒྱབ་སྐྱོར་གྱི་ལག་ཆས་སྦེ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ ནེ་པཱལ་གཞུང་གིས་ ཊིག་ཊོག་དེ་ གཞུང་འབྲེལ་དུ་ ཐོ་བཀོད་འབད་ཡོདཔ་ད་ དེ་ཡང་ ས་གནས་ཀྱི་ཁྲིམས་དང་ ཁྲིམས་ལག་ལེན་དང་མཉམ་འབྲེལ་ཚུ་ ཡོདཔ་བཟོ་བའི་ཁར་ ནེ་པཱལ་ལུ་འབད་བ་ཅིན་ གློག་རིག་བཀོད་ཚོགས་ཁྲིམས་མཐུན་མེད་མི་དེ་ ཊིག་ཊོག་དང་མཉམ་འབྲེལ་ བཟོ་ཡོདཔ་སྦེ་ཨིན་པས།
དབང་འཛིན་གྱི་ མདོ་ཆེན་གྱིས་ ཁོང་དང་ཅོག་འཐདཔ་སྦེ་ འབྲུག་ལུ་ ལག་ལེན་གྱི་ཐོ་བཀོད་ཚུ་ མ་འབད་ཟེར་ཨིན་པས།
ཊིག་ཊོག་གི་ འགོ་དཔོན་ཚུ་གིས་ ཉིནམ་༣ གྱི་རིང་ ལྟ་སྐོར་འབད་བའི་སྐབས་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་དང་ གཞུང་དབང་འཕྲུལ་རིག་ལས་ཚབ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ ན་གཞོན་སྡེ་ཚན་ དེ་ལས་ བར་འབྲེལ་བ་དག་པ་ཅིག་དང་གཅིག་ཁར་ ཕྱད་ཡོདཔ་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེ་དང་གཅིག་ཁར་ གལ་གནད་ཅན་གྱི་ཡོངས་འབྲེལ་གྱི་འགན་ཁུར་དང་ མི་སྡེ་བརྡ་བརྒྱུད་ཚུལ་མིན་ལག་ལེན་འཐབ་མི་བཅུག་ནི་ བར་ཚོང་འཐབ་མི་ གཞན་ཡང་ བྱ་ངན་གྱི་རིགས་ཚུ་ནང་ འབྲེལ་གཏོགས་འབད་ནི་ལས་ སྔོན་འགོག་འབད་ནི་ཨིན་པས།
རྒྱལ་ཁབ་མང་ཤོས་ཅིག་གིས་ མཉེན་ཆས་ཊིག་ཊོག་ནང་ ལག་ལེན་ཚུལ་མིན་འཐབ་མི་ཚུ་ ཕྱིར་བཏོན་གཏང་ནི་དང་ ཡང་ཅིན་ དམ་འཛིན་འབད་ཡོདཔ་ད་ རྒྱ་གར་གྱིས་ སྤྱི་ལོ་༢༠༢༠ ལུ་ ཊིག་ཊོག་དེ་ ཕྱིར་བཏོན་འབད་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement