༉ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྤྱི་ཟླ་༡ པའི་ཚེས་༨ ལུ་ ཊིག་ཊོག་གི་ འགོ་དཔོན་ཚུ་དང་ ཞལ་འཛོམས་འཚོགས་ཏེ་ མི་སྡེ་བརྡ་བརྒྱུད་ཀྱི་ འགན་ཁུར་ཡར་དྲག་གཏང་ནི་དང་ ཡོངས་འབྲེལ་ནང་ གནས་སྟངས་ལེགས་ཤོམ་བཟོ་ནི་ དེ་ལས་ མཉམ་འབྲེལ་འབད་ནིའི་ ཐབས་ལམ་ཚུ་གི་གནད་དོན་ཐོག་ལུ་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་(བིག་མ་)གྱིས་ མཉམ་འབྲེལ་ཡར་དྲག་གཏང་ནི་དང་ ཊིག་ཊོག་གི་ལག་ལེན་ཚུ་ ཧ་གོ་ནི་ དེ་ལས་ ཊིག་ཊོག་ལག་ལེན་འཐབ་མི་ འབྲུག་མི་ཚུ་ལུ་ ལམ་སྟོན་བྱིན་ནིའི་དོན་ལས་ ཊིག་ཊོག་གི་འགོ་དཔོན་ཚུ་ རྒྱལ་ཁབ་ནང་ འོང་ཡོདཔ་ཨིན་པས།
འགག་སྡེའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཊིག་ཊོག་གི་ འགོ་དཔོན་ཚུ་གིས་ ལྟ་སྐོར་ནང་འོང་མི་དེ་ཡང་ བིག་མ་དང་ འགག་སྡེ་ རྒྱལ་གཞུང་འཕྲུལ་རིག་ངོ་ཚབ་ དེ་ལས་ ནང་སྲིད་ལྷན་ཁག་གིས་ མཉམ་འབྲེལ་ཐོག་ལས་ མི་སྡེ་བརྡ་བརྒྱུད་ནང་ གྲལ་གཏོགས་འབད་མི་ཚུ་གི་ གྲོས་འཛོམས་འགོ་འདྲེན་འཐབ་མིའི་ རྗེས་ཤུལ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ ཊིག་ཊོག་གཞི་སྟེགས་ནང་ འཛུལ་ཞུགས་འབད་མི་གི་ གནས་སྡུད་དང་ ཐོ་བཀོད་ ནང་དོན་ དེ་ལས་ ཕན་ཚུན་འབྲེལ་བ་འཐབ་པའི་ གནད་དོན་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
བིག་མ་གིས་ ཊིག་ཊོག་གི་ ནང་དོན་དང་འབྲེལ་བའི་ ཞི་བའི་གནད་དོན་ཚུ་ སེལ་ཐབས་འབད་ནིའི་ འགན་ཁུར་འབག་ནི་ཨིནམ་ད་ འགག་སྡེ་གིས་ ཁྲིམས་འགལ་གྱི་གནད་དོན་ཚུ་ ཞིབ་དཔྱད་འབད་ནི་དང་ དགོས་མཁོ་འབྱུང་བའི་སྐབས་ ཊིག་ཊོག་ལས་ གྲོགས་རམ་ལེན་ནི་ཨིན་པས།
ཞུ་བ་གི་རིགས་༣ ཡོདཔ་ད་ དེ་ཡང་ གློ་བུར་གྱི་ཞུ་བ་དང་ ཉེན་སྲུང་གི་ཞུ་བ་ (ཁྲིམས་ཁང་གི་ ལག་ལེན་དོན་ལུ་ ཊིག་ཊོག་ལས་ ཞིབ་དཔྱད་ཀྱི་ཐོ་ཚུ་ ལོག་འཐོབ་ནིའི་དོན་ལུ་) དེ་ལས་ འོས་ལྡན་བྱ་རིམ་ཐོག་ལས་བཙུགས་མི་ ཁྲིམས་བསྟར་སྤྱོད་ཀྱི་ ཞུ་བ་ཚུ་ཨིན་པས།
འགོ་དཔོན་གྱིས་ སླབ་མིའི་ནང་ ཁོང་གིས་ འབྲེལ་ཡོད་ལས་སྡེ་ལུ་ མི་སྡེའི་བརྡ་བརྒྱུད་ སྦོམ་ཤོས་ཅིག་ཨིན་མི་ ཕེསི་བུག་དང་ ཊིག་ཊོག་གཅིག་ཁར་ འབྲེལ་བ་འཐབ་སྟེ་ ལག་ལེན་འཐབ་མིའི་ ཐོབ་དབང་ཚུ་ སྲུང་སྐྱོབ་འབད་ནི་དང་ ཉེས་ལས་ཀྱི་ལཱ་ཚུ་ བཀག་འཛིན་འབད་ནི་ དེ་ལས་ མི་ངན་ཚུ་གིས་ རང་སོའི་ཁེ་ཕན་དང་ མི་སྡེའི་ནང་ ནང་འཁྲུག་སློང་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོད་པའི་ དོགས་པ་ཚུ་ བཀག་འཛིན་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
འབྲུག་གིས་ ད་རེས་ནངས་པར་ མི་སྡེ་བརྡ་བརྒྱུད་དང་འབྲེལ་བའི་ དཀའ་ངལ་སྦོམ་ཅིག་མེད་ཟེར་ ངོས་ལེན་འབདཝ་ཨིན་རུང་ འགོ་དཔོན་དེ་གིས་ མི་དང་ སྨྱོ་རྫས་ནག་ཚོང་འཐབ་མི་ཚུ་གིས་ དབང་བཙོང་ཐོག་ལས་ ལག་ལེན་འཐབ་ནི་དང་ གནས་ཚུལ་རྫུན་མ་ཁྱབ་སྤེལ་འབད་ནི་ དེ་ལས་ ཡོངས་འབྲེལ་ཐོག་ལུ་ གནོད་འཚེ་འབད་ནིའི་ ཉེན་ཁ་ཡོད་པའི་ ཚ་གྱང་ཡོད་ཟེར་ བཤདཔ་ཨིན་པས།
འགོ་དཔོན་དེ་གིས་ སླབ་མིའི་ནང་ ཊིག་ཊོག་གིས་ ཁྲིམས་སྲུང་འགག་སྡེ་དང་ བིག་མ་ལུ་ གྲོགས་རམ་ག་ཅི་དགོ་རུང་ བྱིན་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ལས་འགུལ་གྱི་ བྱ་རིམ་ལུ་ ལྷན་ཐབས་འབད་ནིའི་དོན་ལས་ མི་ངོམ་གཙོ་ཅན་ཅིག་ བསྐོ་བཞག་འབད་ནི་དང་ ལས་སྡེའི་དོན་ལུ་ རྗོང་ཁ་སྐད་ཡིག་གི་ མཁས་མཆོག་ཅིག་ བཙུགས་ནིའི་སྐོར་ལས་ཡང་ གྲོས་བསྟུན་འབད་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement