༉ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ གངས་ཀྱི་ཁྱེགས་ཚུ་ བཞུ་འགྱོ་ནི་ལས་ ཉམས་སྲུང་འབད་ནིའི་དོན་ལུ་ འཛམ་གླིང་གིས་ཐབས་ལམ་བཏོན་མི་དེ་ཡང་ དུས་ཅི་ ཁྱེགས་ཉམས་སྲུང་གི་ རྒྱལ་སྤྱིའི་ལོ་སྦེ་ གཞུང་འབྲེལ་དུ་ འགོ་མ་བཙུགས་པའི་ ཉིནམ་གཅིག་གི་ཧེ་མར་ ཡུ་ཨེསི་གི་སྲིད་འཛིན་ ཌོ་ནཱལཌ་ ཏྲམཔི་གིས་ སྤྱི་ཟླ་༡ པའི་ཚེས་༢༠ལུ་ པེ་རིསི་གན་ཡིག་ནང་ལས་ ཡུ་ཨེསི་ཕྱིར་ཐོན་འབད་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
མཚན་རྟགས་བཀོད་པའི་སྐབས་ ཏྲམཔི་གིས་ ས་སྣུམ་གྱི་ཐོན་སྐྱེད་ རྒྱ་སྐྱེད་འབད་ནི་ལུ་ གཙོ་རིམ་བཟུང་ནིའི་ གསལ་བསྒྲགས་འབད་མི་དེ་ འཛམ་གླིང་གིས་ གནམ་གཤིས་གདོང་ལེན་གྱི་ གློ་བུར་ཐབས་བྱུས་དང་ རྒྱབ་འགལ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ ཆ་འཇོག་འབད་མི་ པེ་རིསི་གན་ཡིག་དེ་ གནམ་གཤིས་འགྱུར་བགྲོད་ཀྱི་ འཛམ་གླིང་སྤྱི་ཚོགས་གཞི་བཀོད་མཐུན་གྲོས་(ཡུ་ཨེན་ཨེཕ་སི་སི་སི་)འོག་ལུ་ ཁྲིམས་མཐུན་གྱི་ ཆ་འཇོག་གན་ཡིག་ཅིག་ཨིནམ་ད་ དེ་ཡང་ གཙོ་བོ་ར་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་འབད་ནིའི་ དམིགས་གཏད་ཨིན་པས།
ཡུ་ཨེན་ཨེཕ་སི་སི་སི་གིས་ གནམ་གཤིས་འགྱུར་བགྲོད་བཀག་ཐབས་འབད་ནི་དང་ ནག་རླུང་གི་ཆ་ཚད་ རྒྱུན་བརྟན་བཟོ་ནིའི་དོན་ལུ་ གཞི་བཀོད་འབདཝ་ཨིན་པས།
རྒྱལ་ཁབ་མང་ཤོས་ཅིག་ར་ པེ་རིསི་གན་ཡིག་གི་ ཆ་ཤས་ཅིག་ཨིན་རུང་ ཨི་རཱན་དང་ ལི་བི་ཡ་ དེ་ལས་ ཡེ་མེན་བཟུམ་མའི་རྒྱལ་ཁབ་ཚུ་ གྲངས་སུ་མི་ཚུད་དོ་ཡོདཔ་ཨིན་པས།
ད་ལྟོ་ ཡུ་ཨེསི་གིས་ ཕྱིར་ཐོན་འབད་ནིའི་དོན་ལུ་ བྱ་རིམ་ཚུ་ འགྲིག་པའི་བསྒང་ཡོད་མི་དེ་གིས་ ཉུང་མཐའ་ལོ་༡ དེ་ཅིག་ འགོར་ནིའི་རེ་བ་ཡོདཔ་ཨིན་པས།
ཏྲམཔི་གི་ བདག་སྐྱོང་འོག་ལུ་ ཡུ་ཨེསི་གིས་ པེ་རིསི་གན་ཡིག་ནང་ལས་ ཕྱིར་ཐོན་འབད་མི་དེ་ ཐེངས་༢ པ་ཨིནམ་བཞིན་དུ་ དེ་ཡང་ འཛམ་གླིང་ནང་ རྒྱ་ནག་གི་ཤུལ་ལས་ ནག་རླུང་མཐོ་ཤོས་སྦེ་ ཐོན་སྐྱེད་འབད་མི་ཅིག་ཨིན་པས།
ཏྲམཔི་གིས་ སྤྱི་ལོ་༢༠༡༧ ལུ་ ཡིག་ཚང་རྩིས་ལེན་པའི་ཤུལ་ལས་ པེ་རིསི་གན་ཡིག་ནང་ལས་ ཕྱིར་ཐོན་འབད་མི་དེ་ ཐེངས་དང་པ་ཨིན་རུང་ ཇོ་བའེ་ཌེན་གྱིས་ སྤྱི་ལོ་༢༠༢༡ ལུ་ ཁོ་རའི་ ཡིག་ཚང་ཉིནམ་དང་པའི་ནང་ ཆ་མེད་བཏང་ཡོདཔ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement