༉ འབྲུག་རྒྱལ་ཁབ་ནང་ འབུ་ནི་མེད་པའི་ནད་གཞི་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་འགྱོ་དོ་ཡོདཔ་ད་ དེ་གི་གྲས་ལས་ བརྒྱ་ཆ་༦༩ ལུ་ཤི་རྐྱེན་དང་ བརྒྱ་ཆ་༢༣ ལུ་ སྐྱེས་ལོ་༦༠ མ་ལངམ་ལས་ རྐྱེན་ངན་བྱུང་དོ་ཡོདཔ་སྦེ་ཨིན་པས།
འདི་ཚུ་གི་ཉེན་ཁ་གཙོ་བོ་དེ་ ཏམ་ཁུ་འཐུང་མི་དང་ ཆང་འཐུང་མི་ གཟུགས་ཁར་ལུས་སྦྱོང་མེད་མི་ དེ་ལས་ བཞེས་སྒོ་ཚུལ་དང་མཐུནམ་སྦེ་ མ་བཟའ་མི་ཚུ་ལུ་བརྟེན་ བྱུང་དོ་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༢༣ གྱི་ གསོ་བའི་འཕྲོད་བསྟེན་ཞིབ་འཇུག་ནང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ དུམ་གྲ་ཅིག་ འབུ་ནི་མེད་པའི་ནད་གཞི་དེ་ མར་བབས་སོང་ཡོད་པའི་ གསལ་སྟོན་འབད་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུག་ལུ་འཚོགས་མི་ འབུ་ནི་མེད་པའི་ནད་གཞི་དང་འབྲེབ་བའི་ གོ་བསྡུར་ཞལ་འཛོམས་ཉིནམ་གཉིས་ འབད་མི་ཅིག་ འཚོགས་པའི་སྐབས་ལུ་ བྱུང་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་དང་ འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ འགོ་འདྲེན་འཐབ་མི་ གྲོས་བསྡུར་ཞལ་འཛོམས་ནང་ ཆང་དང་ ཏམ་ཁུ་ ཁ་ཟས་ཧ་ཟས་ལ་སོགས་པ་ཚུ་ འདམ་འཛིན་འབད་ཐབས་ལུ་ དམིགས་གཏད་བསྐྱེད་དེ་འབད་ཡོདཔ་ཨིན་པས།
གྲོས་བསྡུར་ཞལ་འཛོམས་ནང་ བཤད་དོ་བཟུམ་འབད་བ་ཅིན་ གསོ་བ་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་ཕྱུག་གིས་ ཉེན་ཁ་ཅན་གྱི་ འབུ་ནི་མེད་པའི་ནད་གཞི་དང་ འདི་དང་ཆ་མཐུན་པའི་ ནད་གཞི་གི་རིགས་ཚུ་ལུ་ ངོས་ལེན་ཚུ་ ག་དེ་མགྱོགས་མགྱོགས་ འབད་དགོ་ཟེར་ཨིནམ་ད་ ང་བཅས་ཀྱི་ དམིགས་ཡུལ་དེ་ གཙོ་བོ་ར་ ནདཔ་བཅོ་ཁ་རྐྱབ་ནི་ལས་ སྔོན་འགོག་འབད་ནི་ལུ་ ལཱ་འབད་དགོ་ཟེར་ཨིནམ་ད་ མི་ཚུ་ག་ར་གིས་ རང་སོའི་འཕྲོད་བསྟེན་ཚུ་ ལེགས་ཤོམ་སྦེ་ སྡོད་ཚུགས་དགོ་ཟེར་ཨིན་པས།
འབུ་ནི་མེད་པའི་ནད་གཞིའི་ སྡེ་ཚན་ལས་རིམ་འགོ་དཔོན་ དཀར་ཅུང་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༢༥ དང་༢༠༣༠ གི་ནང་འཁོད་ལུ་ སྣ་མང་ལས་བྱེད་འཆར་གཞི་གི་ དམིགས་ཡུལ་དེ་ བར་འབྲེལ་བ་ཁེ་གྱོང་ཅན་ཚུ་ རང་སོའི་འབྲེལ་གནད་ཅན་གྱི་ འགན་ཁུར་དང་འགན་འཁྲི་ཚུ་ དྭངས་གསལ་ཐོག་ འབག་དགོཔ་སྦེ་ཨིན་པས།
འདི་བཟུམ་གྱི་རྩོལ་སྒྲུབ་ཀྱིས་ མཉམ་འབྲེལ་ལེགས་ལྡན་དང་ ཧེ་མའི་སྣ་མང་ལས་བྱེད་འཆར་གཞི་༢༠༡༥ དང་༢༠༢༠ ཚུན་གྱི་ལུ་ དཔེ་བལྟ་ཐོག་ལས་ གསལ་སྟོན་འབད་ཡི་ཟེར་ཨིན་པས།
སྣ་མང་ལས་བྱེད་འཆར་གཞི་དེ་ ལོ་ལྔའི་བར་ན་ ཚར་རེ་དུས་མཐུན་བཟོ་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཀྱི་ཞིབ་འཇུག་ནང་ འཁོད་དོ་བཟུམ་འབད་བ་ཅིན་ གསོ་བའི་འཕྲོད་བསྟེན་དེ་ ཉེན་ཁ་ཅན་སྦེ་ གསལ་སྟོན་འབད་དོ་ཡོདཔ་ད་ ཁྲག་སེལ་གྱི་ནད་གཞི་དེ་ སྤྱི་ལོ་༢༠༡༩ ལུ་ བརྒྱ་ཆ་༢ ལས་ སྤྱི་ལོ་༢༠༢༤ ལུ་བརྒྱ་ཆ་༥.༨ ལུ་ཡར་སེང་དང་ ཧའི་པར་ཊེན་ཤཱན་གྱི་ནད་གཞི་དེ་ སྤྱི་ལོ་༢༠༢༤ ལུ་ བརྒྱ་ཆ་༣༠ དང་ སྤྱི་ལོ་༢༠༡༩ ལུ་བརྒྱ་ཆ་༣༨ སྦེ་ཡོདཔ་ཨིན་པས།
ད་ལྟོའི་རྩིས་ལོ་༢༠༢༤-༢༠༢༥ ནང་ གཞུང་གིས་ འབུ་ནི་མེད་པའི་ནད་གཞི་ གདོང་ལེན་འབད་ཐབས་ལུ་ དངུལ་ཀྲམ་ས་ཡ་༤༠.༢ བཞག་ཡོདཔ་ད་ དེ་ཡང་ བརྡ་འཕྲིན་སྤེལ་ནི་དང་ མི་སྡེའི་ནང་གོ་བ་བརྡ་སྤྲོད་འབད་ནི་ གསོ་བའི་འཕྲོད་བསྟེན་ཞིབ་དཔྱད་འབད་ནི་ གསོ་བའི་ལས་བྱེདཔ་ཚུ་གི་ ལྕོགས་གྲུབ་ཡར་སེང་བཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
གསོ་བ་ལྷན་ཁག་གི་ལམ་སྟོན་འོག་ལུ་ འབྲེལ་གཏོགས་ཅན་ཚུ་གིས་ སྤྱི་ལོ་༢༠༢༥-༢༠༣༠ གི་དོན་ལུ་ སྣ་མང་ལས་བྱེད་འཆར་གཞིའི་འགན་ཁུར་ཚུ་ འབག་དགོ་ཟེར་ཨིནམ་ད་ འདི་དང་འབྲེལ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ འཕྲོད་སྦྱོར་མེད་པའི་ ཐོན་སྐྱེད་སྤྱོད་ནི་ལས་ འཛེམ་ཐབས་ཀྱི་ ཐབས་བྱུས་བཏོན་ནི་དང་ ཤེས་རིག་གི་ཁ་ཐུག་ལས་འབད་རུང་ གསོ་བའི་འཕྲོད་བསྟེན་ལེགས་ལྡན་ཅན་གྱི་ ཐབས་ལམ་ཚུ་ གོང་འཕེལ་གཏང་ནི་ཨིན་ཟེར་ཨིན་པས།
ཏམ་ཁུ་དམ་འཛིན་རྩོལ་སྒྲུབ་ཀྱི་ ལུང་ཕྱོགས་གྲོས་སྟོན་པ་ ཌོག་ཊར་ཇག་དིཤ་ཀ་འུར་གྱིས་ རྒྱབ་གནོན་འབད་མིའི་ནང་ ཏམ་ཁུའི་ཁྲིམས་ལེགས་ལྡན་བཟོ་ནི་དང་ གསོ་བའི་གནད་དོན་དང་འབྲེལ་བའི་ ཉེན་བརྡ་བྱིན་ནི་ དུས་རྒྱན་ར་ ཏམ་ཁུའི་གནོད་ཉེན་གྱི་བརྡ་འཕྲིན་སྤེལ་ནི་ དེ་ལས་ ཏམ་ཁུའི་ཁྲལ་ཡར་སེང་འབད་ནི་ལ་སོགས་པ་ཚུ་ འབད་དགོ་ཟེར་ཨིན་པས།
གྲོས་བསྡུར་ཞལ་འཛོམས་ནང་ ཁེ་གྱོང་ཅན་གྱི་བར་འབྲེལ་བ་༡༩ དང་ དབང་པོ་སྐྱོན་ཅན་གྱི་ལས་ཚོགས་འཐུས་མི་ བཟོ་གྲྭ་ལས་ཁུངས་ མི་མང་གསོ་བའི་འཕྲོད་བསྟེན་གྱི་ སྨན་གཡོགམ་སློབ་སྟོན་པ་ དེ་ལས་ འགོ་དཔོན་གཞན་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།