༉ ཕུན་ཚོགས་གླིང་ རིན་ཆེན་སྡིངས་ལུ་ཡོད་པའི་ ཞིབ་དཔྱད་སྒོ་ར་ལུ་ ལོ་བསྟར་བཞིན་དུ་ ས་རུད་ཆད་མི་ལུ་བརྟེན་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ ཀི་ལོ་མི་ཊར་༣ འབད་མི་ འཁོར་ལམ་ཅིག་ སེལ་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༦ ལུ་ བློན་པོའི་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ལུ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གི་ བློན་པོ་ཅན་ད་ར་ བྷ་དུར་གུ་རུང་གིས་ འདི་བཟུམ་གྱི་ ཐབས་ལམ་བཏོན་དགོ་མི་དེ་ཡང་ གཙོ་བོ་ར་ བློན་ཆེན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ གློ་བུར་ལག་ལེན་གྱི་དོན་ལུ་ བཟོ་བཟོཝ་ཨིན་ཟེར་ བཤདཔ་ཨིན་པས།
ས་རུད་ཀྱིས་ ཞིབ་དཔྱད་སྒོ་ར་ལུ་ ཉེན་ཁ་སྦོམ་ར་ཐོན་དོ་ཡོདཔ་ད་ གལ་སྲིད་ ས་རུད་ཀྱིས་ ད་ལྟོ་ཡོད་པའི་ ཟམ་དེ་ མེདཔ་བཏངམ་འདྲཝ་འབད་བ་ཅིན་ དེ་གིས་ རྒྱལ་ཁབ་ལུ་ར་ གནོད་པ་འབྱུང་འོང་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
འཁོར་ལམ་གྱི་དོན་ལུ་ ཞིབ་དཔྱད་དང་ བརྟག་ཞིབ་ཚུ་ག་ར་ འབད་ཚར་ཡོདཔ་བཞིན་དུ་ འཁོར་ལམ་གྱི་ བཟོ་སྐྲུན་ལཱ་ཚུ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འདས་པའི་ལོ་ལས་ཚུར་ རིན་ཆེན་སྡིངས་ཀྱི་ས་ཁོངས་དེ་ སྐྱོ་དྲགས་ཐལ་ཏེ་འདུག་ཟེར་ཨིན་པས།
མ་གཞི་འཁོར་ལམ་དེ་ བཟོ་སྐྲུན་འབད་དེ་ ལོ་ངོ་བཅུ་ཕྲག་༣ དེ་ཅིག་ལང་ཡོདཔ་ད་ སའི་ཆགས་ཚུལ་དང་བསྟུན་ ས་རུད་ཀྱིས་ ལོ་བསྟར་བཞིན་དུ་ འཁོར་ལམ་ལུ་ གནོད་པ་དང་ ཉེན་འཚུབས་བཀལཝ་མས་ཟེར་ཨིན་པས།
ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་དེ་ རྒྱ་གར་དང་གཅིག་ཁར་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ ཚོང་འབྲེལ་འཐབ་སའི་ མེད་ཐབས་མེད་པའི་གཞུང་ལམ་ཅིག་འབདཝ་ལས་ གཞུང་གིས་ གཞུང་ལམ་དེ་ལུ་ གནོད་སྐྱོན་རྐྱབ་བཅུག་ནི་དེ་ བཟོད་བསྲན་འབད་མི་ཚུགས་ཟེར་ཨིན་པས།
འདི་དང་འདྲཝ་སྦེ་ གཞུང་གིས་ དགེ་ལེགས་ཕུག་དང་ གཞལམ་སྒང་གཞུང་ལམ་གྱི་ ས་གནས་ཚ་ཆུ་ལུ་ ཀི་ལོ་མི་ཊར་༡༩ འབད་མི་དེ་ཡང་ བསལ་ནིའི་དོན་ལུ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
བློན་པོ་ཅན་ད་ར་ བྷ་དུར་གུ་རུང་གིས་ བཤད་མིའི་ནང་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་ཚུ་ མཇུག་བསྡུ་ཡོདཔ་ལས་ དུས་ཅི་གི་ ལོ་མཇུག་ཁམས་ཅིག་ལུ་ ལཱ་ཚུ་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོའི་ས་ཁོངས་ནང་ ས་གྱེད་པ་སྦེ་ཡོད་མི་དེ་ སྒྲིང་སྒྲི་མེདཔ་ལས་ དེ་ཁར་ ཟད་འགྲོ་སྦོམ་གནས་པའི་ཁར་ གཞུང་གིས་ གནམ་བྱཱར་གྱི་སྐབས་ལུ་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་གཞུང་ལམ་ཁར་ ས་རུད་ཆད་ས་ གཙོ་བོ་འབད་མིའི་ནང་ ཟླཝ་༣ གྱི་ནང་འཁོད་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢ དེ་རེ་ བཏང་དོ་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཚོགས་ འགོ་བཙུགས་ནི་སྦེ་ཡོདཔ་ལས་ འཁོར་ལམ་ཚུ་ ཐོགས་ཆགས་མེད་པར་ ལག་ལེན་འཐབ་དགོ་པའི་ཁར་ འཁོར་ལམ་གསརཔ་དེ་གིས་ ད་ལྟོའི་ གནས་སྟངས་སྐྱོ་དྲགས་ཡོད་མི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
བློན་ཆེ་ཚེ་རིང་སྟོབས་རྒྱས་ཀྱིས་ ས་ཁོངས་ནང་ ཐབས་ལམ་མ་འདྲཝ་ཚུ་ ག་དེ་སྦེ་ར་བཏོན་རུང་ ད་ལྟོ་ཚུན་ ཕན་ཐོགས་འབྱུང་མ་ཚུགས་པས་ཟེར་ཨིན་པས།
ས་རུད་ཆད་དེ་ འཁོར་ལམ་བསུབས་མི་ཚུ་ བསལ་ཚརཝ་ཅིག་ ད་རུང་ དུས་ཡུན་ཆུ་ཚོད་དག་པ་ཅིག་གི་རྒྱབ་ལས་ འཁོར་ལམ་དེ་ བསུབས་དོ་ཡོདཔ་ད་ ས་གནས་ནང་ ཆརཔ་མ་རྐྱབ་རུང་ ས་རུད་ཆདཔ་ཆད་སར་སྡོདཔ་མས་ཟེར་ཨིན་པས།
ས་གནས་དེ་ དགེ་ལེགས་ཕུག་ཁྲོམ་ལས ཀི་ལོ་མི་ཊར་༡༥ གི་ ས་གནས་ཁར་ཡོདཔ་བཞིན་དུ་ ལམ་ཕྲང་བསལ་མི་གིས་ ཉིན་བསྟར་བཞིན་དུ་ བསུབས་དོ་ཡོདཔ་ད་ ལྷག་པར་དུ་ ཆརཔ་རྐྱབ་པའི་སྐབས་ལུ་ ས་རུད་སྦོམ་སྦེ་ར་ ཆད་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།