༉ འབྲུག་ལུ་ བཟའ་འཐུང་དང་འབྲེལ་བའི་ བཞེས་སྒོའི་ཕྱགས་སྙིགས་ཀྱི་རིགས་ ཕྱེད་ཀ་དེ་ཅིག་ ཐོན་དོ་ཡོད་མི་དེ་གིས་ མཐའ་འཁོར་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ལས་ དེ་གི་དོན་ལུ་ ཐབས་བྱུས་བཏོན་དགོཔ་ཡོདཔ་བཞིན་དུ་ འདི་བཟུམ་གྱི་ རུལ་བཏུབ་པའི་ བཞེས་སྒོའི་ཕྱགས་སྙིགས་ཚུ་ འཛིན་སྐྱོང་འཐབ་མ་ཚུགས་པར་ ཕྱགས་སྙིགས་བླུག་སའི་ས་ཁོངས་ཚུ་ གང་འགྱོ་དོ་ཡོདཔ་སྦེ་ཨིན་པས།།
འདི་བཟུམ་གྱི་ ཕྱགས་སྙིགས་ཐོན་ས་གཙོ་བོ་ཅིག་ ཐིམ་ཕུག་ལུ་ཨིནམ་ད་ དེ་ཡང་ ཕྱགས་སྙིགས་ རུལ་མ་བཏུབ་མི་དང་ རུལ་བཏུབ་མི་གཉིས་ཆ་ར་ནང་ གདོང་ལེན་ཚུ་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ ཆུ་ཤོག་ཚུ་ གཅིག་བསྡོམས་ཐོག་ ཨེབ་ནིའི་འཕྲུལ་ཆས་ཅིག་ གཞི་བཙུགས་འབད་ཡོདཔ་ད་ འདི་དང་འདྲཝ་སྦེ་ བཞེས་སྒོའི་ཕྱགས་སྙིགས་ཚུ་ལུ་ཡང་ ཐབས་ལམ་བཏོན་དགོཔ་ག་ནི་བ་ གལ་ཆེ་བའི་གནད་དོན་ནང་ཡོདཔ་ལས་ ཐབས་བྱུས་ཚུ་ ག་དེ་མགྱོགས་མགྱོགས་ བཏོན་དགོཔ་ཡོདཔ་སྦེ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཕྱགས་སྙིགས་ཀྱི་ཞིབ་འཚོལ་ཅིག་ རི་སའེ་ཀལ་དང་ ཨོ་རྒྱན་ཚོང་ལས་༢ ཀྱིས་ མཉམ་འབྲེལ་ཐོག་ལས་འབདཝ་ད་ ཐིམ་ཕུག་གི་ ཁྱིམ་གུང་རེ་གིས་ ཉིནམ་རེ་ནང་ ཕྱགས་སྙིགས་ཀེ་ཇི་༤༠༠ དེ་རེ་ བཏོན་དོ་ཡོདཔ་ལས་ བཞེས་སྒོ་དང་འབྲེལ་བའི་ ཕྱགས་སྙིགས་ཀེ་ཇི་༢༢༣.༨༩ རེ་བཏོན་མི་གིས་ ཧ་ལམ་ཕྱེད་ཀ་གི་རྩིས་ཨིནམ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་པས།
ཆུ་ཤོག་གི་ཕྱགས་སྙིགས་དེ་ བརྒྱ་ཆ་༡༤.༦ ཡང་ཅིན་ ཀེ་ཇི་༥༩.༥༢༤ འབདཝ་ད་ དེ་གི་དཔྱ་ཅིག་དེ་ཅིག་ རུལ་བཏུབ་པའི་ཕྱགས་སྙིགས་ཚུ་ ཐོན་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཕྱགས་སྙིགས་ཞིབ་འཇུག་༢༠༡༩ ཅན་མའི་ནང་ ཐིམ་ཕུག་དེ་ ཕྱགས་སྙིགས་ཀྱི་ ཐོན་སྐྱེད་འབད་མི་མཐོ་ཤོས་ཅིག་སྦེ་ འཁོད་དེ་ཡོདཔ་ད་ དེ་ཡང་ ཉིན་བསྟར་བཞིན་དུ་ རྒྱལ་ཡོངས་ནང་ ཕྱགས་སྙིགས་མེ་ཊིག་ཊཱོན་༡༧༢ ཐོན་ས་ལས་ ཐིམ་ཕུག་ལུ་ ཕྱགས་སྙིགས་མེ་ཊིག་ཊཱོན་༥༡ ཐོན་དོ་ཡོདཔ་བཞིན་དུ་ དེ་གིས་ དཔྱ་སྙོམས་ལུ་འབདཝ་ད་ རྒྱལ་ཁབ་ཀྱི་ ཕྱགས་སྙིགས་༤ དཔྱ་༡ ཐིམ་ཕུག་ནང་འཁོད་ལས་ ཐོན་དོ་ཡོདཔ་སྦེ་ཨིན་པས།
བཞེས་སྒོ་དང་འབྲེལ་བའི་ ཕྱགས་སྙིགས་ཚུ་ བརྒྱ་ཆ་༥༠ དེ་ཅིག་ཡོདཔ་ད་ དེ་ཡང་ ཉིན་བསྟར་བཞིན་དུ་ མེ་ཊིག་ཊཱོན་༨༦.༠༨ རེ་ཡོདཔ་སྦེ་ཨིནམ་ད་ ཁྲོམ་སྡེ་ནང་འབད་བ་ཅིན་ བཞེས་སྒོ་དང་འབྲེལ་བའི་ཕྱགས་སྙིགས་ཚུ་ བརྒྱ ཆ་༦༠ རེ་ཐོན་དོ་ཡོདཔ་བཞིན་དུ་ གྲོང་གསེབ་ནང་འབད་བ་ཅིན་ བརྒྱ་ཆ་༤༠ རེ་ཐོན་དོ་ཡོདཔ་སྦེ་ སྤྱི་ལོ་༢༠༡༩ གི་ ཞིབ་དཔྱད་སྙན་ཞུ་ནང་ འཁོད་ཡོདཔ་ཨིན་པས།
མ་གཞི་ འབྲུག་གི་གྲོང་གསེབ་ཚུ་ནང་ འབད་བ་ཅིན་ ཡོངས་གྲགས་ལུ་ བཞེས་སྒོ་དང་འབྲེལ་བའི་ཕྱགས་སྙིགས་ཚུ་ ཞིང་ནང་ལུད་ཀྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ འདི་བཟུམ་གྱི་ ཐབས་ལམ་དེ་ ཁྲོམ་སྡེ་ནང་ ལག་ལེན་འཐབ་མི་ཚུགས་དོ་ཡོད་མི་དེ་ཡང་ ཁྲོམསྡེའི་ནང་ ཞིང་ལཱ་འབད་དགོཔ་མེདཔ་ལས་ ཁྲོམ་སྡེའི་ཕྱགས་སྙིགས་སྣུམ་འཁོར་གྱིས་ བསྡུ་ལེན་འབད་དེ་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ནང་ བླུགས་དོ་ཡོདཔ་ཨིན་པས།
འདི་བཟུམ་སྦེ་ བཞེས་སྒོ་དང་འབྲེལ་བའི་ ཕྱགས་སྙིགས་ཀྱི་རིགས་ཚུ་ ཕྱགས་སྙིགས་བཀོག་སའི་ས་ཁོངས་ནང་ བླུགསཔ་འདྲཝ་འབད་བ་ཅིན་ དེ་གིས་ བྱ་སྟབས་མ་བདེཝ་ཐོན་དོ་ཡོད་མི་དེ་ཡང་ དེ་ཚུ་ནང་ལས་ དྲི་ངན་ཐོན་མི་གིས་ ནག་རླུང་དང་ཕྱདཔ་ད་ བཙོག་རླུང་དེ་བརྒྱ་ཆ་༢༥ དེ་ཅིག་གི་ གནོད་ཉེན་ཐེབས་ཐོན་དོ་ཡོདཔ་སྦེ་ཨིན་པས།
ལག་ལེན་དེ་ཚུ་ལུ་བརྟེན་ འཛམ་གླིང་གཅིག་འགྱུར་ནང་ བཙོག་རླུང་བརྒྱ་ཆ་༨ དེ་ཅིག་ ཐེབས་བཟོ་དོ་ཡོདཔ་ད་ འདི་བཟུམ་གྱི་ བཞེས་སྒོ་དང་འབྲེལ་བའི་ ཕྱགས་སྙིགས་ཚུ་ ས་ཁོངས་ཚུ་ནང་བཀོག་མི་གིས་ དུག་རྫས་ལུ་གྱུར་ཏེ་ ཆུ་རྐའི་ཐོན་འགོ་ཚུ་ཡང་ བསྐམ་འགྱོ་ནི་ཨིནམ་མ་ཚད་ དེ་ལུ་བརྟེན་ འཐུང་ཆུ་དང་ ནུས་ཤུགས་ དེ་ལས་ ས་ཆའི་སྤུས་ཚད་ཚུ་ མར་ཉམས་འགྱོཝ་ཨིན་ཟེར་ཨིན་པས།
སྤྱིར་བཏང་ བཞེས་སྒོ་དང་འབྲེལ་བའི་ ཕྱགས་སྙིགས་ཚུ་ ས་དོང་ནང་བླུགས་ཏེ་འབད་རུང་ དེ་གིས་ སྲོག་ཆག་དང་ སྐྱེ་ལྡན་གནས་སྟངས་ཚུ་ལུ་ བར་ཆད་རྐྱབ་དོ་ཡོདཔ་སྦེ་ཨིན་པས།
བཞེས་སྒོ་དང་འབྲེལ་བའི་ ཕྱགས་སྙིགས་ཀྱིས་ མཐའ་འཁོར་གནས་སྟངས་ལུ་ ཉེན་ཁ་སྦོམ་ར་ཡོདཔ་མ་ཚད་ ཆུ་ཤོག་གི་རིགས་ཚུ་གིས་ འདི་དང་བསྟུན་པའི་ ཉེན་ཁ་ཚུ་ཐོན་བཞིན་དུ་ར་ ཡོད་ཟེར་ཨིན་པས།
ཆུ་ཤོག་གི་རིགས་ཚུ་ རུལ་ནིའི་དོན་ལུ་ ལོ་སྟོང་ཕྲག་ལས་བཅད་དེ་ འགོར་དོ་ཡོད་མི་ལུ་བརྟེན་ དེ་གིས་ མཐའ་འཁོར་གནས་སྟངས་ལུ་ ཉེན་ཁ་སྦོམ་ར་ཡོདཔ་ཨིན་པས།
ཐིམ་ཕུག་ལུ་འབད་བ་ཅིན་ ཕྱགས་སྙིགས་བླུགས་ས་ གཅིག་ལས་བརྒལ་མེད་མི་དེ་ མེ་མེ་ལ་ཁ་ཨིནམ་ད་ དེ་ཡང་ སྤྱི་ལོ་༡༩༩༣ ལས་འགོ་བཙུགས་ཡོདཔ་བཞིན་དུ་ དེ་བསྒང་ས་ཁོངས་དེ་ ལོ་༡༠ གྱི་དོན་ལུ་ དམིགས་ཡུལ་བསྐྱེད་དེ་ བཟོ་ཡོདཔ་ཨིན་པས།
དེ་འབདཝ་ད་ མནོ་དོན་ལྟར་འགྱོ་མ་བཏུབ་པར་ ས་ཁོངས་དེ་ ལོ་ངོ་བཅུ་ཕྲག་གཉིས་ལྷགཔ་ཅིག་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་བཞིན་དུ་ཡོདཔ་ད་ ད་ལྟོ་ ས་ཁོངས་ནང་ རུལ་བཏུབ་མི་དང་ རུལ་མ་བཏུབ་མིའི་ཕྱགས་སྙིགས་གཉིས་ཆ་ར་ དེ་ཁར་བླུགས་དོ་ཡོདཔ་ཨིན་པས།
གཞན་ཡང་ འབྲུག་ཕྱགས་སྙིགས་མཛོད་ཁང་དེ་ སྤྱི་ཟླ་༨ པའི་ནང་ འགོ་འབྱེད་འབད་དེ་ ཐིམ་ཕུག་གི་ཕྱགས་སྙིགས་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ ལྷན་ཐབས་འབད་ནིའི་དོན་ལུ་ དམིགས་ཡུལ་བསྐྱེད་དེ་ འབད་ཡོདཔ་ཨིན་རུང་ ཐབས་ལམ་དེ་གིས་ཡང་ འགོ་བཙུགས་པའི་སྐབས་ལུ་ ཕྱགས་སྙིགས་འཛིན་སྐྱོང་ཐབས་ཚུགས་ནི་ལུ་ དེ་ཅིག་ར་ ཕན་ཐོགས་བྱུང་བའི་ གྲུབ་འབྲས་འཐོན་མ་ཚུགསཔ་ཨིན་པས།
འབྲུག་ཕྱགས་སྙིགས་མཛོད་ཁང་དེ་ འགོ་འབྱེད་མ་འབད་བའི་ཧེ་མར་ ཐིམ་ཕུག་ཁྲོམ་སྡེ་གིས་ ཟླ་རིམ་བཞིན་དུ་ རུལ་བཏུབ་པའི་ཕྱགས་སྙིགས་མེ་ཊིག་ཊཱོན་༧༩༤ དང་ རུལ་མ་བཏུབ་པའི་ཕྱགས་སྙིགས་མེ་ཊིག་ཊཱོན་༩༢༦ རེ་ བསྡུ་ལེན་འབད་དོ་ཡོདཔ་ད་ ཐབས་ལམ་དེ་འགོ་བཙུགས་པའི་ཤུལ་ལུ་ ཁྲོམ་སྡེ་གིས་ ཟླ་རིམ་བཞིན་དུ་ རུལ་བཏུབ་པའི་ཕྱགས་སྙིགས་མེ་ཊིག་ཊཱོན་༧༨༦ དང་ རུལ་མ་བཏུབ་པའི་ཕྱགས་སྙིགས་ མེ་ཊིག་ཊཱོན་༨༤༡ རེ་ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཨིན་རུང་ཕྱགས་སྙིགས་དེ་ སྤྱི་ཟླ་༨ པ་ལས་ རུལ་བཏུབ་པའི་ཕྱགས་སྙིགས་ མེ་ཊིག་ཊཱོན་༦༨༠ དང་ རུལ་མ་བཏུབ་པའི་ཕྱགས་སྙིགས་ མེ་ཊིག་ཊཱོན་༦༦༨ ལུ་མར་བབས་སོང་ཡོད་མི་གིས་ ཕན་ཐོགས་ཚུ་ འབྱུང་དོ་ཡོད་པའི་ བརྡ་མཚོན་བཏོནམ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།