༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་༢༠༢༣-༢༤ ཅན་མ་དང་འཁྲིལ་བ་ཅིན་ གཡོ་ཟོལ་དང་ ངན་ལྷད་འོག་ལུ་ ལས་སྡེ་༣ ཚུད་མིའི་གྲས་ལས་ རྩིས་ལོ་༢༠༢༡-༢༢ ལུ་ ཐིམ་ཕུག་ཁྲོམ་སྡེ་གིས་ དངུལ་ཀྲམ་ས་ཡ་༢.༥༧༥ དེ་ཅིག་ ལོག་སྤྱོད་འབད་ཡོདཔ་སྦེ་ མངོན་གསལ་བྱུང་ནུག།

དབང་འཛིན་གྱིས་ ཐིམ་ཕུག་ཁྲོམ་སྡེའི་ ཚེ་འདས་རྩིས་འཛིན་པ་ཁོ་ར་ སྤྱི་ལོ་༢༠༢༢ ཟླ་༥ པའི་ཚེས་༡ ལས་ སྤྱི་ལོ་༢༠༢༣ ཟླ་༤ པའི་ཚེས་༣༠ ཚུན་ དམིགས་བསལ་ངལ་གསོ་ནང་ སྡོད་པའི་སྐབས་ གློག་འབྲེལ་མི་མང་ཟད་འགྲོའི་འཛིན་སྐྱོང་ལམ་ལུགས་ ལག་ལེན་འཐབ་ནི་གི་ དབང་ཆ་བྱིན་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

དེ་བསྒང་ ངོ་རྐྱང་གིས་ ཡིག་ཆ་བདེན་དཔྱད་ ག་ནི་ཡང་ མ་འབད་བར་ གློག་འབྲེལ་ཐོག་ལས་ དངུལ་ཀྲམ་ས་ཡ་༡.༠༧ བརྗེ་སོར་དང་ བདེ་སྒྲིག་འབད་ཡོདཔ་ཨིན་པས།

ཐིམ་ཕུག་ཁྲོམ་སྡེ་གིས་ བཀོད་མིའི་ནང་ ཚེ་འདས་རྩིས་འཛིན་པ་བགྲེསཔ་གིས་ ནད་ཡམས་ཐོན་ཏེ་ འགྲོ་འགྲུལ་བཀག་དམ་འབད་བའི་སྐབས་ སྐྱེལ་སྤྲོད་རྩིས་འགྲིགས་འབད་ནིའི་དོན་ལུ་ སློབ་གྲྭའི་བདག་སྐྱོང་ལས་རོགསཔ་གི་ མིང་ཐོ་ཁར་ འཕྲལ་ཕུག་ལག་ལེན་གྱི་ དངུལ་སྦེ་བྱིན་ནུག་ཟེར་ཨིན་པས།

ཁྲོམ་སྡེ་གིས་ གློག་འབྲེལ་མི་མང་ཟད་འགྲོའི་ འཛིན་སྐྱོང་ལམ་ལུགས་ ལག་ལེན་འཐབ་ནི་གི་ གནང་བ་དེ་ སྔོན་བྱིན་དང་འབྲེལ་བའི་ མ་དངུལ་གྱི་ རྩིས་ཤོག་དང་ བདེན་དཔྱད་འབད་ནི་རྐྱངམ་གཅིག་ བྱིན་ཡི་ཟེར་ཨིན་པས།

དབང་འཛིན་གྱིས་ བཀོད་མིའི་ནང་ དངུལ་ཀྲམ་༦༥༥,༠༨༢ གནས་པའི་ འོང་འབབ་མིན་པའི་ རྩིས་ཐོ་༣༣ དེ་ཅིག་ ལམ་ལུགས་ནང་ ཐོ་བཀོད་འབད་དེ་མེདཔ་ལས་ ཚུལ་མིན་ལོག་སྤྱོད་ འབད་འབདཝ་བཟུམ་ འདུག་ཟེར་ཨིན་པས།

གནད་དོན་དེ་ཡང་ ཁྲོམ་སྡེ་ནང་ ནང་འཁོད་ཚད་འཛིན་ལམ་ལུགས་མེད་མི་ལུ་བརྟེན་ བྱུང་ཡོདཔ་སྦེ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ བཀོད་ཡོདཔ་ཨིན་པས།

ཚེ་འདས་རྩིས་འཛིན་པ་བགྲེསཔ་གིས་ གཞུང་གི་མ་དངུལ་ དངུལ་ཀྲམ་༤༤༠,༢༧༦ ལོག་སྤྱོད་འབད་ཡོདཔ་བཞིན་དུ་ ཁོ་གིས་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ བདག་སྐྱོང་ལས་རོགསཔ་ལུ་ འཕྲལ་ཕུག་ལག་ལེན་གྱི་དོན་ལུ་ མ་དངུལ་ཚུ་ གཏོང་ལེན་འབད་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ཨིན་པས།

ཨིན་རུང་ ཤུལ་ལས་ མ་དངུལ་དེ་ ལོག་རྩིས་འཛིན་པའི་ རྩིས་ཁྲ་ནང་བཙུགས་ཡོདཔ་ལས་ དེ་བཟུམ་མའི་ བྱ་སྤྱོད་དེ་ དངུལ་འབྲེལ་ལམ་ལུགས་ལས་ འགལ་བ་ཨིན་པས།

མ་གཞི་ ཁྲོམ་སྡེ་གིས་ སྔོན༌བྱིན༌མ༌དངུལ༌ཚུ༌ཡང༌ སྐྱེལ་སྤྲོད་རྩིས་ཐོ་ཚུ་ བྱིན་ནི་སྦེ་ལེན་ཡོདཔ་ད་ བདག་སྐྱོང་ལས་རོགསཔ་གིས་ མ་དངུལ་དེ་ ལོག་རྩིས་འཛིན་པའི་ རྩིས་ཁྲ་ནང་ བཏང་ཡོད་པའི་སྐོར་ལས་ སྙན་ཞུ་མ་འབད་བར་ བཞག་ཡོདཔ་ཨིན་པས།

རྩིས་འཛིན་པ་དེ་ སྤྱི་ལོ་༢༠༢༣ ཟླ་༧ པའི་ཚེས་༢༧ ལུ་ ཚེ་འདས་སོང་ཡོདཔ་ད་ དངུལ་བདེ་སྒྲིག་བྱ་སྒོ་ མཇུག་མ་བསྡུ་བའི་ཧེ་མར་ རྩིས་འཛིན་པ་གིས་ དངུལ་བྱིན་མི་རྒྱབ་རྟེན་ཡིག་ཆ་དང་ རྩིས་ཐོ་དང་པ་ཅིག་ བྱིན་ཡོདཔ་ཨིན་པས།

དབང་འཛིན་གྱིས་ ཐིམ་ཕུག་ཁྲོམ་སྡེའི་ སི་ཌི་རྩིས་ཁྲ་ནང་ དངུལ་རྐྱང་ས་ཡ་༠.༤༡ ཆད་ཡོདཔ་སྦེ་ མཐོང་ཡོདཔ་ད་ ཏི་རུ་ཚུ་ཡང་ གནས་སྐབས་ཀྱི་ས་གོ་དང་ ཚོད་བསྲེ་བཙོང་མི་ཚུ་ལས་ གླ་འཐུས་བསྡུ་ལེན་འབད་མི་ཚུ་ཨིན་པས།

དབང་འཛིན་གྱིས་ བཀོད་མིའི་ནང་ ཏི་རུ་ཆད་ལུས་ཐོན་མི་དེ་ཡང་ གཏན་འཇགས་ཐོག་ བདེ་སྒྲིག་དང་ ནོར་འཁྲུལ་ལེ་ཤ་ བྱུང་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།

ཁྲོམ་སྡེ་དང་འཁྲིལ་བ་ཅིན་ ཏི་རུ་ཆད་མི་ཚུ་ དེ་ཚེ་ར་ སི་ཌི་རྩིས་ཁྲ་ནང་ བཙུགས་ཅི་ཟེར་ཨིན་པས།

གནད་དོན་དེ་ ཞིབ་དཔྱད་ཀྱི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་ད་ མ་དངུལ་ཚུལ་མིན་སྤྱོད་པའི་འགན་འཁྲི་དེ་ ཚེ་འདས་རྩིས་འཛིན་པ་ལུ་ བཀོད་ཡོདཔ་ཨིན་པས།

གལ་སྲིད་ ཞིབ་དཔྱད་འབད་བའི་སྐབས་ ལོག་སྤྱོད་འབད་ཡོདཔ་སྦེ་ ངེས་གཏན་བྱུང་པ་ཅིན་ མ་དངུལ་དེ་ རྩིས་འཛིན་པའི་ ཁེ་ཕན་དང་ ཡང་ཅིན་ ལོག་སྤྱོད་འབད་བའི་ མ་དངུལ་གྱིས་ ཉོ་མི་རྒྱུ་དངོས་གང་རུང་ལས་ ཐོན་ཚུགསཔ་འབད་དགོཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement