༉ ཐིམ་ཕུག་ཁྲོམ་སྡེ་གིས་ ཞིབ་དཔྱད་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ཁྲོམ་སྡེའི་ནང་ སྣུམ་འཁོར་བཞག་ཁང་༢ བཟོ་སྐྲུན་འབད་མི་དེ་ ལག་ལེན་དེ་ཅིག་ར་ མ་འཐབ་པར་ཡོདཔ་ད་ དེ་ཡང་ ས་ཁོངས་སྟབས་མ་བདེཝ་ཡོད་པའི་གུ་ གནད་དོན་གཞན་ཡང་ ཡོདཔ་སྦེ་ཨིན་པས།
སྣུམ་འཁོར་བཞག་ཁང་༢ ནང་ སྤྱིར་བཏང་སྣུམ་འཁོར་༥༧༠གི་ ཤོང་ཚད་ཡོདཔ་ད་ དེ་ཡང་ ཧོང་ཀོང་མར་ཀེཊ་ལུ་ཡོད་མིའི་ནང་ སྣུམ་འཁོར་༣༥༠དང་ ལུང་བསྟན་ཟམ་པའི་ཉེ་འདབས་ལུ་ཡོད་མིའི་ནང་ སྣུམ་འཁོར་༢༢༠འི་ ཤོང་ཚད་ཡོདཔ་ད་ སྣུམ་འཁོར་བཞག་ཁང་༢ ཆ་ར་ ས་ཐོག་ལས་ཡར་ ཐོག་ཚད་༣ དང་ ས་འོག་ལུ་ ཐོག་ཚད་༢ ཡོདཔ་སྦེ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་བཞག་སའི་དོན་ལུ་ སྔོན་འགྲོའི་བརྟག་ཞིབ་འབདཝ་ད་ རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་གྱི་ གྲོས་སྟོན་པ་གིས་ སྤྱི་ལོ་༢༠༡༨ ལུ་ མི་མང་སྤུངས་འཛོམས་ཀྱི་ གནས་སྟངས་དང་བསྟུན་ ས་ཁོངས་དེ་ འོས་འབབ་སྦོམ་ཡོདཔ་སྦེ་ ཆ་འཇོག་འབད་ནུག་ཟེར་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་སུ་ བཅའ་མར་གཏོགས་མི་༦༦༢ ལུ་ དྲི་དཔྱད་འབདཝ་ད་ བརྒྱ་༥༠གིས་ བྱ་སྟབས་མ་བདེཝ་ཡོདཔ་སྦེ་ཨིནམ་ད་ བརྒྱ་ཆ་༢༩ གིས་ སྣུམ་འཁོར་བཞག་ས་ གཞན་ཁར་ཡང་ ཐོབ་དོ་ཡོདཔ་སྦེ་ སླབ་པའི་ཁར་ བརྒྱ་ཆ་༡༧ གྱིས་ མཐུན་རྐྱེན་ཚུ་ ཚུལ་མཐུན་མེད་པའི་ འཛུལ་སྒོ་ནང་འཁོད་ཀྱི་ བསྒོར་ལམ་དང་ གློག་མེ་ལ་སོགས་པའི་ བྱ་སྟབས་མ་བདེ་བའི་གནད་དོན་གྱིས་ ལག་ལེན་འཐབ་ནི་ལུ་ ལཱ་ཁག་ཡོདཔ་སྦེ་ཨིན་པས།
ལ་ལོ་ཅིག་གིས་ འཐུས་བསྡུ་ལེན་འབད་ནི་དང་ གཙང་སྦྲ་ལེགས་ལྡན་མེདཔ་སྦེ་ཨིནམ་ད་ ལ་ལོ་ཅིག་གིས་ སྣུམ་འཁོར་བཞག་ཁང་ཚུ་ཡོདཔ་སྦེ་ ཧ་མ་གོ་ཟེར་སླབ་པའི་ཁར་ ལ་ལོ་ཅིག་གིས་ ཟླ་རིམ་གྱི་འཐུས་སྟབས་གཅིག་ལུ་འབད་མི་དེ་ མཐོ་སུ་ཡོདཔ་ད་ ཉིན་འཐུས་འབད་བ་ཅིན་ རན་ཏོག་ཏོ་འདུག་ཟེར་ སླབ་པའི་ཁར་ ནོར་འཛིན་ལམ་བདའ་ ཉོ་ཚོང་གི་དོན་ལུ་འགྱོཝ་ད་ ས་ཁོངས་༢ ཆ་ར་ ཐག་རིང་སུ་སྦེ་འདུག་ཟེར་ སླབ་དོ་ཡོདཔ་ཨིན་པས།
ཞིབ་འཇུག་དེ་ མི་མང་ག་ར་ལུ་ གོ་ཡངས་ཐོག་ལས་ འབད་ཡོདཔ་བཞིན་དུ་ དེ་ཚུ་ ཁྲོམ་སྡེའི་མི་སྡེ་བརྡ་བརྒྱུད་ནང་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ བཙུགས་ཡོད་མི་དེ་ཡང་ མི་སེར་ཚུ་གིས་ ས་ཁོངས་དེ་ གནད་དོན་ག་ཅི་ལུ་བརྟེན་ ལག་ལེན་མ་འཐབ་ཨིན་ན་ བརྟག་ཞིབ་འབད་ནིའི་དོན་ལུ་ཨིན་པས།
འདི་བཟུམ་གྱི་ གོ་སྐབས་བྱིན་པའི་སྐབས་སུ་ མཐུན་རྐྱེན་ཡོདཔ་ཨིནམ་ མི་སེར་བརྒྱ་ཆ་༩༧ གྱིས་ ཧ་གོ་དོ་ཡོདཔ་ད་ བརྒྱ་ཆ་༧༡ གིས་ ས་ཁོངས་ལག་ལེན་འཐབ་པའི་ཁར་ མི་༢༠༠དེ་ཅིག་གིས་ སྣུམ་འཁོར་བཞག་ས་ གཞན་ཁར་འཐོབ་མ་ཚུགས་པའི་སྐབས་ལུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་ཨིནམ་ད་༡༩༤ གིས་ ཚོང་ཉོ་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ གཞན་མི་ཚུ་གིས་ ཁམས་སང་དང་ ཉེན་སྲུང་ གོང་ཚད་རན་ཏོག་ཏོ་ཡོད་ནི་དེ་གིས་ ལག་ལེན་འཐབ་དོ་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་གྱིས་ བཤད་མིའི་ནང་ སྣུམ་འཁོར་བཞག་འཐུས་དངུལ་ཀྲམ་༢༠འབད་མི་དེ་ གཞན་ཁར་དངུལ་ཀྲམ་༣༠དང་༤༠འབད་མི་དང་ཕྱདཔ་ད་ ཚད་དང་ལྡནམ་སྦེ་ འདུག་ཟེར་ཨིན་པས།
ལུང་བསྟན་ཟམ་པའི་ ཉེ་འདབས་ལུ་ཡོད་པའི་ སྣུམ་འཁོར་བཞག་ཐང་དེ་ སྣུམ་འཁོར་བཞག་ས་རྐྱངམ་གཅིག་གིས་ མ་ཚད་པར་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་ཨོ་ལིམ་པིག་ ཀི་རི་ཀེཊ་ཚོགས་ཆུང་ཡིག་ཚང་ཚུ་ བཙུགས་ཡོདཔ་ད་ ཤེས་རིག་གྲོས་སྟོན་པ་ཚུ་ལུ་ ཧོང་ཀོང་མར་ཀེཊ་གི་ ས་ཁོངས་ནང་ གླ་ཁར་བཏང་ཡོདཔ་ཨིན་པས།
ད་ལས་ཕར་ ལཱ་ཚུ་ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ ཁྲོམ་སྡེ་གིས་ བློན་ཆེན་ཡིག་ཚང་ལུ་ ཡི་གུ་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།