༉ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ ཕུཊ་བཱོལ་རྩེད་འགྲན་པའི་ སྡེ་ཚན་གྱིས་ སྤྱི་ཟླ་༢ པའི་ཚེས་༣ ལུ་ བྷུ་དཱ་སུ་བཱ་གཱོལ་ཀབ་ཐེངས་༢༥ པའི་ རྒྱལ་རྟགས་ཀྱི་ མཐའ་བཅད་འོག་མའི་ནང་ དཱ་རཱན་རྩེད་ཐང་ནང་སྦེ་ ར་ཇཱ་ཀ་ལབ་ལུ་གཱོལ་༤-༡ སྦེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ད་རིས་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ཕུཊ་བཱོལ་ སྡེ་ཚན་གྱིས་ ནེ་པཱལ་གྱི་ཅརཆི་བཱོ་ཡེས་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པས།
ཕྱི་རྒྱལ་ཁབ་ནང་ རྩེད་འགྲན་འབད་བའི་སྐབས་སུ་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ཕུཊ་བཱོལ་ སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་ཚུ་ཕམ་བཏང་ཡོདཔ་ད་ སྡཻ་ཚན་གྱིས་ བར་མཚམས་ངལ་གསོ་མ་འགྱོ་བའི་ཧེ་མར་ སྡེ་ཚན་གྱི་རྩེད་འགྲན་པ་ བསོད་ནམས་ཡེ་ཤེས་ཀྱིས་་གཱོལ་༡ བཙུགས་ཏེ་ བློན་བདེ་སུ་སྦེ་སྡོད་ཡོདཔ་ཨིན་པས།
བར་མཚམས་ངལ་གསོ་ལས་ ལོག་འགོ་བཙུགས་ཏེ་འབདཝ་ད་ སྡེ་ཚན་གྱི་རྩེད་འགྲན་པ་ བསོད་ནམས་གྱུར་འགྲུལ་ཆོས་བཟང་དང་ ཀརྨ་བཀྲིས་རྒྱ་མཚོ་ སྙན་གྲགས་འོད་གསལ་ཚུ་གིས་ གཱོལ་བཙུགས་མི་ལུ་ ར་ཇཱ་ཀ་ལབ་ཀྱིས་ གཱོལ་༡ མ་གཏོགས་བཙུགས་མ་ཚུགསཔ་ཨིན་པས།
རྒྱལ་ཁ་ཐོབ་མི་དེ་ཡང་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ཕུཊ་བཱོལ་ སྡེ་ཚན་གྱིས་ རིག་རྩལ་ཚུ་བཏོན་པའི་ཁར་ ངོས་ལེན་ལེགས་ཤོམ་འབད་དེ་ གྲ་སྒྲིག་ཚུ་ མ་བཏུབ་བཏུབ་སྦེ་འབད་ནི་དེ་གིས་ཨིནམ་ད་ བཅའ་མར་གཏོགས་མི་ལ་ཤ་ཡོད་དེ་འབད་རུང་ སྡེ་ཚན་གྱིས་ རྒྱལ་ཁབ་གཞན་གྱི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་དགོཔ་མ་ཐོནམ་ཨིན་པས།
བསོད་ནམས་ཡེ་ཤེས་དེ་ རྩེད་འགྲན་གྱི་སྐབས་ལུ་ ལེགས་ཤོམ་རྩེད་ཚུགས་མི་ དྲག་ཤོས་ཀྱི་མིང་གཏམ་ཐོབ་ཡོདཔ་ཨིན་པས།
ཁོ་གིས་ རྩེད་འགྲན་མཇུག་བསྡུ་ཞིནམ་ལས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ མཐའ་བཅད་འོག་མའི་ནང་ ལེགས་ཤོམ་སྦེ་ རྩེད་ཚུགས་པའི་ རེ་བ་ཡོད་ཟེར་སླབ་ཡོདཔ་ཨིན་པས།
བྷུ་དཱ་སུ་བཱ་གཱོལ་ཀབ་འགྲན་བསྡུར་ནང་ སྡེ་ཚན་བརྒྱད་ཀྱིས་ བཅའ་མར་གཏོགས་ཡོད་མི་ཚུ་ཡང་ འབྲུག་དང་ རྒྱ་གར་ ནེ་པཱལ་ཚུ་ནང་ལས་ དབྱེ་ཁག་གཉིས་སྦེ་བཟོ་ཡོདཔ་ཨིན་པས།
ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ཕུཊ་བཱོལ་ སྡེ་ཚན་དེ་ དབྱེ་སྡེ་ཀ་པའི་ནང་ཚུད་ཡོདཔ་ད་ དབྱེ་སྡེ་དེ་ནང་ ནེ་པཱལ་གྱིས་སྡེ་ཚན་གསུམ་ ཅརཆི་བཱོས་ཡུ་ནཡེ་ཊེཌ་ ནེ་པཱལ་ཁྲིམས་སྲུང་འགག་པའི་ཀ་ལབ་ དེ་ལས་ ར་ཇཱ་ཀ་ལབ་ཚུ་ཡོདཔ་ཨིན་པས།
རྒྱ་གར་ལས་ ཡུ་ནའེ་ཊེཌ་ཁར་ཤོང་ཨེཕ་སི་དང་ ནེ་པཱལ་ལས་དཱ་རན་ཨེཕ་སི་ ནིའུ་རོཌ་སྡེ་ཚན་ དེ་ལས་ ཀང་ཀར་བི་ཏ་ཕུཏ་བཱོལ་སྦྱོང་བརྡ་ལྟེ་བ་ཛུ་ དབྱེ་སྡེ་ཁ་པའི་ནང་ཡོདཔ་ཨིན་པས།
ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ཕུཊ་བཱོལ་ སྡེ་ཚན་གྱི་བྱང་ཕྱད་ ཅརཆི་བོ་ཡེས་ཀྱིས་ སྤྱི་ཟླ་༢ པའི་ཚེས་༡ ལུ་ འགོ་བཙུགས་ཀྱི་སྐབས་ ནེ་པཱལ་ཁྲིམས་སྲུང་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ གཱོལ་༡-༠ སྦེ་ རྒྱལ་ཁ་ཐོབ་ཡོདཔ་་ཨིན་པས།
དབྱེ་སྡེ་ཁ་པའི་ནང་ལས་ ཡུ་ན་ཡེ་ཊེཌ་ཁར་ཤོང་གིས་ དཱ་རཱན་ཨེཕ་སི་དང་རྩེད་འགྲན་འབདཝ་ད་ རྒྱལ་ཁ་ཕྱེ་མ་ཚུགས་པར་ པེ་ནལ་ཊི་རྐྱབ་པའི་སྐབས་རྒྱལ་ཁབ་ཐོབ་ཡོདཔ་ད་ དུས་ཡུན་ཆུ་ཚོད་སྐར་མ་༩༠ གི་རིང་རྩེད་འགྲན་འབདཝ་ད་ སྡེ་ཚན་རེ་གིས་གཱོལ་རེ་བཙུགས་ཏེ་ འདྲན་འདྲ་སོང་ཡོདཔ་ལས་ པེ་ནཱལ་ཊི་ནང་ གཱོལ་༧-༦ སྦེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
དེ་ལས་ དབྱེ་སྡེ་འདི་གི་ སྡེ་ཚན་ཨེན་ཨར་ཊི་དང་ ཀེ་ཨེཕ་ཊི་སི་གཉིསཔོ་དེ་ ད་རིས་རྩེད་འགྲན་འབད་ནི་ཨིན་པས།
འགྲན་བསྡུར་ནང་ལས་ མཐའ་བཅད་ཀྱི་རྒྱལ་ཁ་ཐོབ་མི་གིས་ གསོལ་རས་ནེ་པཱལ་གྱི་དངུལ་རྐྱང་ ཨེན་སི་ས་ཡ་༡ འཐོབ་ནི་དང་ ཨང་གཉིས་པ་ཐོན་མི་ལུ་ ཨེན་སི་༥༠༠,༠༠༠ དང་སྦྲགས་ རྒྱལ་རྟགས་དང་ རྟགས་མ་ཚུ་འཐོབ་ནི་ཨིན་པས།
འགྲན་བསྡུར་དེ་་སྤྱི་ཟླ་༢ པའི་ཚེས་༡ ལས་འགོ་བཙུགས་ ཟླ་༢ པའི་ཚེས་༨ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།
བྷུ་དཱ་སུ་བཱ་གཱོལ་ཀབ་དེ་ སྤྱི་ལོ་༡༩༩༩ ལུ་གཞི་བཙུགས་འབད་ཡོདཔ་ད་ རྩེད་འགྲན་དེ་ཡང་ ནེ་པཱལ་ཤར་ཕྱོགས་ལུང་ཕྱོགས་ནང་ མིང་གཏམ་སྦོམ་ཡོད་མི་ཅིག་ཨིནམ་བཞིན་དུ་ འགྲན་བསྡུར་གྱི་དོན་ལུ་ ལུང་ཕྱོགས་ཚུ་ནང་ལས་ ལོ་བསྟར་བཞིན་དུ་ སྡེ་ཚན་ཚུ་ གདམ་འཐུ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement