༉ སྤྱི་ཟླ་༡༡ པའི་ཚེས་༡ ལས་༣ ཚུན་ ཐིམ་ཕུག་ཆུ་ཚོད་འཁོར་ལོའི་ ཀ་ཆེན་ལུ་སྦེ་ ཇ་པཱན་གྱི་ལམ་སྲོལ་ཚུ་ འགྲེམས་སྟོན་ཐོག་ལས་ ཇ་པཱན་བདུན་ཕྲག་ བརྩི་སྲུང་འབད་མིའི་ནང་ མི་བརྒྱ་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
ཉིནམ་གསུམ་གྱི་རིང་ འགོ་འདྲེན་འབད་མི་ ལས་རིམ་དེ་ཡང་ དབྱེ་ཁག་མ་འདྲཝ་སྦེ་ཡོད་མི་ལས་ ཇ་པཱན་གྱི་ སྐད་ཡིག་འགྲན་བསྡུར་དང་ ཀ་ར་ཊི་འགྲེམས་སྟོན་ སྙན་ཆའི་འཁྲབ་སྟོན་ཚུ་ རིམ་པ་བཞིན་དུ་སྦེ་ ཇ་པཱན་གྱི ལམ་སྲོལ་ལྡན་པའི་ བཟའ་འཐུང་གི་རིགས་ཚུ་ཡང་ བཅའ་མར་གཏོགས་མི་ཚུ་ལུ་ འགྲེམས་སྟོན་འབད་ཡོདཔ་ཨིན་པས།
བརྩི་སྲུང་སྐབས་ མི་ཡོ་རིསི་ ཕོ་རི་སིཊ་དང་ ཕོར་ཅུན་ཕེ་བོརསི་བརྩིས་ཏེ་ ཡོངས་གྲགས་ཅན་གྱི་ ཇ་པཱ་ནིསི་གི་ ཨེ་ནི་མི་གི་ གློག་བརྙན་ཚུ་ གསལ་སྟོན་འབད་མི་གིས་ བཅའ་མར་གཏོགས་མི་ཚུ་ སྤྲོ་སྣང་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ འབྲུག་གཞུང་གི་ གྲོགས་རམ་ཐོག་ལས་ འབྲུག་ལུ་ཡོད་པའི་ ཇ་པཱན་གཞུང་ཚབ་ཡིག་ཚང་དང་ ནིའུ་ལྡི་ལི་ལུ་ཡོད་པའི་ ཇ་པཱན་གཞི་ཚོགས་ དེ་ལས་ ཇའི་ཀ་ཡིག་ཚང་གིས་ འགོ་འདྲེན་འཐབ་ནུག།
ལས་རིམ་དེ་ འགོ་ཐོག་ར་ སྤྱ་ལོ་༢༠༠༦ ལུ་ འབྲུག་གཞུང་དང་ ཇ་པཱན་གཞུང་གཉིས་ཀྱི་བར་ན་ ཕྱི་འབྲེལ་གྱི་ དོན་གཅོད་མཐུན་ལམ་ ལོ་ངོ་༢༠ འཁོར་བའི་ དུས་སྟོན་དང་འབྲེལ་ འགོ་བཙུགས་ནུག།
གཞུང་འབྲེལ་ཐོག་ ཇ་པཱན་དང་ འབྲུག་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་༡༩༨༦ ཟླ་༣ པའི་ཚེས་༢༨ ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ མང་ཤོག་ཅིག་གིས་ སླབ་མིའི་ནང་ ལས་རིམ་ལུ་བརྟེན་ འབྲུག་དང་ ཇ་པཱན་གཉིས་ཀྱི་བར་ན་ མཐུན་ལམ་ཡར་དྲག་གཏང་ནི་དང་ མི་དང་མི་གི་བར་ན་ འབྲེལ་མཐུན་བཟོ་ཡོདཔ་མ་ཚད་ ཇ་པཱན་གྱི་ ལམ་སྲོལ་ཡང་ འགྲེམས་སྟོན་འབད་ཚུགས་ཅི་ཟེར་ཨིན་པས།
ལས་རིམ་ནང་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅཱན་དར་ བྷ་དུར་གུ་རུང་དང་ ནིའུ་ལྡི་ལི་གི་ གཞུང་ཚབ་ངོ་ཚབ་ ཏ་ཀ་ཤི་ ཨ་རི་ཡོ་ཤི་ ནིའུ་ལྡི་ལི་ལུ་ཡོད་པའི་ ཇ་པཱན་གཞི་ཚོགས་ འབྲུག་གི་ཇའི་ཀ་ཡིག་ཚང་གི་འགོ་དཔོན་ དེ་ལས་ གཞུང་གི་མཆེ་མཐོའི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཐིམ་ཕུག་ལུ་ཡོད་པའི་ རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་ ཨའི་དང་ཨ་ལོ་གི་གསོ་བའི་སྨན་ཁང་ནང་ ཇའི་ཀ་ལས་སྡེ་ལས་ ཁས་བླངས་པའི་ལཱ་འབད་མི་ ན་གུམ་མི་ ཏ་ན་ནི་གིས་ སླབ་མིའི་ནང་ ལས་རིམ་ལུ་བརྟེན་ འབྲུག་མི་ཚུ་དང་ འབྲེལ་བ་འཐབ་ནིའི་ གོ་སྐབས་ཐོབ་པའི་ཁར་ ཇ་པཱན་དང་ འབྲུག་པའི་མི་སེར་ཚུ་གི་བར་ན་ འབྲེལ་བ་འཐབ་ནི་ལུ་ ཁེ་ཕན་སྦོམ་སྦེ་ར་ ཐོབ་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ང་རའི་ལོ་༢ ཀྱི་རིང་ ཁས་བླངས་ཐོག་ ལུས་སྦྱོང་སྨན་བཅོས་འབད་མི་དེ་ འཕྲལ་མགྱོགས་ར་ མཇུག་བསྡུ་དོ་ཡོདཔ་ལས ལས་རིམ་ནང་ བཅའ་མར་གཏོགས་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
ནིའུ་ལྡི་ལི་གི་ ཇ་པཱན་གཞུང་ཚབ་ཡིག་ཚང་གི་ དོན་གཅོད་འགོ་དཔོན་ མ་ཧོ་ ཧ་ཀ་མ་ཊ་གིས་ ཇ་པཱན་བདུན་ཕྲག་ བརྩི་སྲུང་འབད་མིའི་ནང་ བཅའ་མར་གཏོགས་མི་དེ་ ད་རེས་ འགོ་དང་པ་ཨིནམ་ད་ ལས་རིམ་ནང་ མི་ཚུ་དང་ འབྲེལ་བ་འཐབ་ཚུགས་མི་ལུ་ དཔའ་ཉམས་བྱུང་ཡོདཔ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་དང་ བཟའ་འཐུང་རིགས་ཚུ་ཡང་ མ་འདྲཝ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ལས་རིམ་དེ་དང་འབྲེལ་ ཁྲག་གི་ཞལ་འདེབས་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ མི་༤༠ དེ་ཅིག་གིས་ ཁྲག་གི་ཞལ་འདེབས་ བྱིན་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་གཡུ་སྒྲོན། སངས་རྒྱས་མཚོ་མོ། བདེ་ཆེན་དབང་མོ།

Advertisement