༉ ཐིམ་ཕུག་ བར་སྦིས་ས་ བཙོག་མཛོད་ཀྱི་ ཉེ་འདབས་ལས་ཕར་སྡོད་མི་ཚུ་ ཡུན་རིངམོ་སྦེ་ར་ སྡོད་པའི་ཤུལ་ལུ་ མཐའན་མཇུག་ལུ་ མི་སེར་ཚུ་ བག་ཕེབས་ཏོག་ཏོ་ འབྱུང་ནི་ཨིན་མི་དེ་ཡང་ བཙོག་ཆུ་ལེགས་བཅོས་འབད་ནིའི་ དེང་སང་གི་ ལེགས་བཅོས་ཁང་གཞི་བཙུགས་ཐོག་ལས་ ཉིནམ་རེ་ལུ་ ཆུ་ལི་ཊར་ས་ཡ་༦ དང་༨ ཀྱི་བར་ན་ ལེགས་བཅོས་འབད་ཚུགས་ནི་ ཨིན་མི་ལུ་བརྟེན་ཨིན་པས།
མཐུན་རྐྱེན་ཚུ་ སྤྱི་ལོ་༢༠༢༢ ལས་ར་ ལག་ལེན་འཐབ་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ བཙོག་མཛོད་ཁང་རྙིངམ་ནང་ བཙོག་ཆུ་ལི་ཊར་ས་ཡ་༡༢ ཤོང་ཚད་ཡོད་མིའི་ནང་ ཧེ་མ་ཆུ་ལི་ཊར་ས་ཡ་༡.༧༥ རེ་ཉིན་བསྟར་བཞིན་དུ་ ལེགས་བཅོས་འབད་དོ་ཡོད་མི་དེ་ ཡར་སེང་སོང་ཡོདཔ་ཨིན་པས།
སྔོ་ལྗང་གཞི་རྟེན་དང་ ཁ་བཅད་ནི་མེད་པའི་བཙོག་བཛོད་ལས་འཆར་གྱི་ ཆ་ཤས་སྦེ་ ཐིམ་ཕུག་བཟོ་བཀོད་འཆར་གཞི་གསར་པའི་འོག་ལུ་ བཙོག་མཛོད་རྙིངམ་དེ་ སྤྲོ་འཁྱམས་དང་ ཡང་ཅིན་ སྐྱེ་ལྡན་གླིང་ག་ལུ་ སྒྱུར་བཅོས་འབད་ནི་ཨིན་ཟེར་ཨིན་པས།
འདི་བཟུམ་གྱི་མཐུན་རྐྱེན་དེ་ འབྲུག་ལུ་གཞི་བཙུགས་འབད་དོ་ཡོདཔ་ད་ ཐིམ་ཕུག་ཁྲོམ་སྡེ་གིས་ ལྟ་རྟོག་འབད་ཐོག་ལས་ ཊེག་ནོ་ཕབ་བཟོ་རིག་ལས་སྡེ་དང་ སྡེ་ཚན་འཐུས་མི་༢༠ འབད་མི་ཚུ་གིས་ འཛིན་སྐྱོང་འབད་ཐོག་ལས་ ད་ལྟོའི་ཁག་འབག་དེ་ སྤྱི་ལོ་༢༠༢༧ ཟླ་༤ པ་ཚུན་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
འཕྲུལ་ཁང་དེ་ནང་ ཕྱགས་སྙིགས་སྣ་ཁག་སྦེ་ ཚོད་བསྲེ་མ་དགོ་མི་དང་ གྱིབ་ཤོག་ གྱིབ་དམ་ གོ་ལ་དྲ་དུམ་ གློག་ཆས་མེདཔ་ཐལ་མི་ གཞན་ཡང་ ཨ་ལོའི་རོ་ཚུ་ཡང་དེ་ཁར་ ལག་ལེན་འཐབ་ཐོག་ལས་ བཟོ་བཅོས་འབད་ནི་ཨིན་པས།
ལས་རིམ་དང་ རིམ་ལུགས་ཀྱི་ ལྟ་རྟོག་འགོ་དཔོན་ ཀུན་བཟང་རྡོ་རྗེ་གིས་ བཤད་མིའི་ནང་ ལེགས་བཅོས་འཕྲུལ་ཁང་དེ་གིས་ དབྱེ་བ་ཁག་དྲུག་གི་ཐོག་ལས་ གཙང་སྦྲ་ལྡནམ་བཟོ་ནི་དང་ བཙོག་ཆུ་ཚུ་ ལེགས་བཅོས་དང་ སྒྱུར་བཅོས་ཐོག་ལས་ གཙང་སྦྲ་དང་ལྡནམ་སྦེ་བཟོ་སྟེ་ ལོག་ཝང་ཆུ་ནང་ གཏང་ནི་ཨིན་ཟེར་ཨིན་པས།
སྒྲིང་ཁྱིམ་གྱི་ འགོ་ལས་འབདཝ་ད་ བཙོག་ཆུ་ཚུ་ བཙག་འཕྲུལ་ཁག་གསུམ་ནང་ལས་སྦེ་ རྙོགས་སེལ་དང་ དྭངས་སེལ་འབད་དེ་ གཙང་སྦྲ་ལྡན་པའི་ཆུ་ མི་ལི་མི་ཊར་༦ ལུ་བཟོ་ནི་དང་ གྱིབ་ཤོག་གི་རིགས་ཚུ་ མེ་མེ་ལ་ཁ་བསྐྱལ་ནི་ དེ་ལས་ ཕྱགས་སྙིགས་གཞན་ཚུ་ སོ་ནམ་གྱི་དོན་ལུ་ མལ་ལུད་བཟོ་བཅོས་འབད་ནི་ཨིན་ཟེར་ཨིན་པས།
བཟོ་བཅོས་འབདཝ་ད་ དུས་ཡུན་ཆུ་ཚོད་༤ བསྒོར་དོ་ཡོདཔ་ད་ བཙོག་ཆུ་ལེགས་བཅོས་འབད་མི་ཚུ་ གཙང་ཆུའི་ནང་མ་བཏང་པའི་ཧེ་མར་ སྨན་རྫས་ཚུ་བླུགས་ནི་ཨིན་པས།
འཕྲུལ་ཁང་དེ་ནང་ ཐིམ་ཕུག་ལས་ ཉིནམ་རེ་ནང་ ཆུ་ལི་ཊར་ས་ཡ་༩ དང་ དེ་གུ་ བར་སྦིས་ས་ལས་ ཆུ་ལི་ཊར་ས་ཡ་༣ ལག་ལེན་འཐབ་ནིའི་དོན་ལུ་ བཟོ་བཀོད་འབད་ཡོདཔ་ཨིན་པས།
འཕྲུལ་ཁང་ཚུ་ གློག་མེ་དང་ ཇེ་ནི་རེ་ཊར་གྱི་ཐོག་ལས་ ལག་ལེན་འཐབ་དགོ་མི་ལུ་བརྟེན་ གློག་མེའི་ཁྲལ་དེ་ཡང་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༢༠༠,༠༠༠ དེ་རེ་འོང་ནི་ཨིན་པས།
འཕྲུལ་ཁང་གི་ གནས་ཡུན་དེ་ མཇུག་བསྡུ་བའི་བསྒང་ལས་ ཐིམ་ཕུག་ཁྲོམ་སྡེ་གིས་ བདག་དབང་ལེན་ནི་ཨིནམ་ད་ ཡང་ཅིན་ སྒེར་སྡེ་ལུ་ སྤྲོད་ནིའི་ལས་རིམ་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཞབས་ཏོག་དེ་ ས་ཁོངས་གཞན་ཁར་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་མེད་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་ལུ་ བཙོག་ཆུ་ལེགས་བཅོས་འཕྲུལ་ཁང་དང་ ཁྱིམ་གུང་ག་དེམ་ཅིག་ སྦྲེལ་མཐུད་ཡོདཔ་ཨིན་ན་ གནས་ཐོ་ཚུ་མེདཔ་ཨིན་པས།
ཁྲོམ་སྡེ་གིས་ བཙོག་ཆུ་ལེགས་བཅོས་ཁང་ གཞི་བཙུགས་འབད་མི་ཚུ་ཡང་ བདེ་ཆེན་ཆོས་གླིང་ རྟ་བབ་ འབྱུང་བཞི་ནང་ ཧེ་ཇོ་ ལུང་བསྟན་ཟམ་པ་ དེ་ལས་ བར་སྦིས་ས་ཚུ་ནང་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།