༉ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ སྒྲུབ་བྱེད་གཞི་བཞག་དང་འབྲེལ་བའི་ ཟས་བཅུད་ལག་ལེན་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ གསོ་བ་ལྷན་ཁག་དང་ རྒྱལ་སྤྱི་ཨ་ལུའི་མ་དངུལ་ ཡུ་ནི་སེ་ཨེཕ་དང་མཉམ་འབྲེལ་ཐོག་ལས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ ཐིམ་ཕུག་ལུ་ ཟས་བཅུད་ཁྱད་འཕགས་ལྟེ་བ་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ལྟེ་བ་དེ་ཡང་ སྨན་གཡོག་དང་མི་མང་གསོ་བའི་སློབ་ཚོགས་ཀྱི་ ནང་འཁོད་ལུ་ གཞི་བཙུགས་འབད་དེ་ཡོདཔ་ད་ དེ་གིས་ ཟས་བཅུད་མཁས་མཆོག་དང་ གསོ་བའི་ཁྱད་རིག་ཅན་ དེ་ལས་ མི་སྡེ་འགོ་ཁྲིདཔ་ཚུ་གི་བར་ན་ གསར་བཏོད་ཞིབ་འཚོལ་དང་ མཉམ་འབྲེལ་འབད་ནིའི་དོན་ལུ་ ཞབས་ཏོག་ཅིག་སྦེ་ ལག་ལེན་འཐབ་ ཚུགས་ནི་ཨིན་པས།
ད་རེས་ འབྲུག་ལུ་ ཨ་ལུའི་འཚོ་ཐབས་ཡར་དྲག་དང་ ཡར་བརྡ་སྟོན་ ཟས་བཅུད་མ་ཐོབ་མི་ཚད་གཞི་ཡར་འཕར་ དེ་ལས་ དམིགས་བསལ་དུ་ ཉེན་ཁ་ཅན་གྱི་ མི་རློབས་ཚུ་གི་བར་ན་ ཟས་བཅུད་མ་ཐོབ་མི་དང་ འཚོ་བཅུད་ཉུང་མི་ མངོན་གསལ་བྱུང་བཞིན་དུ་ ཡོདཔ་ཨིན་པས།
དེ་འབདཝ་ལས་ དམིགས་བསལ་དུ་ ཨ་ལུ་དང་ ན་ཆུང་བུམོ་ དེ་ལས་ ཨམ་སྲུ་ཚུ་ལུ་ ཟས་བཅུད་ཉུང་བའི་ དཀའ་ངལ་སེལ་ཐབས་ལུ་ གཞུང་དང་ མཉམ་འབྲེལ་པ་ཚུ་གིས་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།
གསོ་བ་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ ལྟེ་བ་གིས་ མདུན་སྐྱོད་ཟས་བཅུད་ཚན་རིག་དང་ ཟས་བཅུད་ལྡན་པའི་ བཞེས་སྒོ་ཟ་ནི་དང་ བར་འཛུལ་གོང་འཕེལ་གཏང་ནི་ལུ་ གོ་བ་བརྡ་སྤྲོད་ཡར་དྲག་གཏང་ནི་ ལ་སོགས་པ་ཚུ་ལུ་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
གསོ་བའི་མི་སྡེ་གཞི་ཚོགས་དེ་ ཟས་བཅུད་ལེགས་ཤོམ་གྱི་ གཞི་རྩ་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡོདཔ་ལས་ དེ་གི་ དམིགས་ཡུལ་འགྲུབ་ནི་ལུ་ ལཱ་འབད་དོ་ཟེར་ གསོ་བ་བློན་པོ་གིས་ བཤདཔ་ཨིན་པས།
རྒྱལ་ཡོངས་གསོ་བའི་བརྟག་ཞིབ་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ ཨ་ལུ་སྐྱེས་ལོ་༥ འོག་རྒྱུ་ཡོད་མི་ བརྒྱ་ཆ་༥.༡ དེ་ཅིག་ ཕྱ་སི་སི་དང་ བརྒྱ་ཆ་༡༧.༩ དེ་ རང་སོའི་སྐྱེས་ལོ་དང་འཁྲིལ་ཏེ་ སྦོམ་མ་ཐལ་མི་ དེ་ལས་ སྐྱེས་ལོ་༥ འོག་རྒྱུ་འབད་མི་ ཨ་ལུ་བརྒྱ་ཆ་༨.༨ དེ་ ལྗིད་ཚད་མ་ལང་མི་ཡོདཔ་ཨིན་པས།
ཨ་ལུ་དང་ ན་ཆུང་ ཨམ་སྲུ་ཨ་ལུ་སྐྱེ་ནི་ཡོད་མི་ དེ་ལས་ སྐྱེ་རྒྱུན་ཅན་ཡོད་མི་ ཨམ་སྲུ་ཚུ་གི་བར་ན་ ཁྲག་ཉུང་བའི་ དཀའ་ངལ་དེ་ མི་མང་གི་ གསོ་བའི་ནང་ ཚ་གྱང་ཅན་ཅིག་ཨིན་པས།
དམིགས་བསལ་ཞིབ་འཚོལ་ཐོག་ལས་ སྲིད་བྱུས་དང་ ལས་རིམ་ཐབས་བྱུས་ལམ་སྟོན་འབད་ནིའི་དོན་ལུ་ ལྟེ་བ་གིས་ ཟས་བཅུད་ལུ་ གཞི་བཞག་བརྡ་དོན་ཚུ་ལུ་ ལྷན་ཐབས་འབད་ནི་མ་ཚད་ ཁྱད་རིག་གོང་འཕེལ་ལས་སྣ་ མ་འདྲཝ་ཐོག་ལས་ ཟས་བཅུད་ནང་འཁོད་ལུ་ ཐབས་རིག་མཁས་མཆོག་དང་ ཤེས་ཡོན་ཚུ་ལུ་ཡང་ ཕན་འདེབས་འབད་ཚུགས་ནི་ཨིན་པས།
ལྟེ་བ་གཞི་བཙུགས་འབད་ནི་ལུ་ འཕྲུལ་རིག་གི་ རྒྱབ་སྐྱོར་མ་དོ་བར་ ལོ་༢ དེ་ཅིག་ ཡུ་ནི་སེཕ་གིས་ ལས་སྣ་དང་ ལྟེ་བ་ལག་ལེན་རྩ་བརྟན་གྱི་དོན་ལུ་ ཐབས་རིག་དང་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འབད་ནི་ ཁས་ལེན་འབད་དེ་ཡོདཔ་ཨིན་པས།
ཡུ་ནི་སེ་ཨེཕ་གི་ གནས་བཞུགས་སྐུ་ཚབ་(ངོ་ཚབ) ཕཝ་ཟིཡ་ ཧུཌ་བོའི་གིས་ སླབ་མིའི་ནང་ ཡུ་ནི་སེཕ་གིས་ འབྲུག་གཞུང་ལུ་ ལྟེ་བ་གིས་ ཞིབ་འཚོལ་འབད་ནི་ གོ་སྐབས་དང་ གསོ་བའི་གདོང་ལེན་ལམ་ལུགས་ཚུ་ ཡར་དྲག་གཏང་ནི་ལུ་ ཁས་ལེན་འབད་དེ་ ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན ལྟེ་བ་དེ་ གསར་བཏོད་ཀྱི་ བརྡ་སྟོན་དང་ ཤེས་ཡོན་བརྗེ་སོར་ དེ་ལས་ མཉམ་འབྲེལ་འབད་ནི་གི་ ས་གོ་ཅིག་ཡང་ འགྱུར་ནི་གི་ བློ་སྟོབས་སྦོམ་ བསྐྱེད་དེ་ཡོད་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ནང་ ཨ་ལུའི་ཐོབ་དབང་ཚོགས་ཆུང་གིས་ རྒྱལ་ཡོངས་ཟས་བཅུད་ཐབས་བྱུས་དང་དང་ལེན་འཆར་གཞི་༢༠༢༡-༢༥ ལག་ལེན་འཐབ་ནི་ལུ་ མ་དངུལ་ལངམ་སྦེ་ བགོ་བཀྲམ་འབད་དེ་ ཨ་ལུ་ཚུ་ལུ་ ཟས་བཅུད་ཉུང་མི་དང་ འཚོ་བའི་ཟས་བཅུད་ཉུང་མི་ ལྗིད་ཚད་ཚད་ལས་བརྒལ་མི་ལ་སོགས་པ་ཚུ་ སེལ་ཐབས་འབད་དགོཔ་སྦེ་ གྲོས་འདེབས་བསྐྱེད་དེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།