༉ སྤྱི་ཟླ་༡༡ པའི་ཚེས་༩ ལུ་ ལྷག་བྲིསཔ་ཅིག་གིས་ ཐིམ་ཕུག་ ཀ་ཝང་བྱང་ས་ལུ་ཡོད་པའི་ བྷུ་དིསཊི་ཨརཊ་གེ་ལ་རི་ལུ་ རང་རྐྱང་གི་ ཐང་ཀའི་འགྲེམས་སྟོན་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༣༨ ལང་མི་ ལྷག་བྲིསཔ་ཀུན་བཟང་ཆོས་རྒྱལ་གྱིས་ ད་རེས་ འགྲེམ་སྟོན་འབད་ཚུགས་མི་དེ་ཡང་ ཁོ་གིས་ ལོ་ངོ་༢༠ དེ་ཅིག་རིང་ རང་ལུགས་ཐང་ཀའི་རིག་རྩལ་ཚུ་ལུ་ བརྩོན་ཤུགས་བསྐྱེད་ཡོད་པའི་ གྲུབ་འབྲས་དང་ དྲན་རྟགས་ཅིག་ཨིན་པའི་ཁར་ ལས་རིམ་དེ་ ཁོ་གི་མི་ཚེ་ནང་ གལ་ཅན་ཨིན་པས།
ཁོ་གིས་ སྐྱེས་ལོ་༡༦ ལས་ རང་ལུགས་རིས་མོ་གི་ སྦྱོང་བརྡར་སྤེལ་ཁང་ བཟོ་རིག་བཅུ་གསུམ་ནང་ འཛུལ་ཞུགས་འབད་དེ་ སྦྱོང་བརྡར་ཚུ་འབད་ཡོདཔ་ཨིན་པས།
སློབ་དཔོན་འཕྲིན་ལས་དབང་འདུས་དང་ ཁོ་རའི་ཕོ་རྒནམ་ ཀུན་བཟང་དབང་འདུས་༢ ཀྱི་ ལམ་སྟོན་འོག་ལུ་ ཐང་ཀ་ ཚོན་གཏང་ནི་གི་ རིག་རྩལ་དང་ སྦྱོང་བརྡར་ཚུ་ འབད་ཡོདཔ་ཨིན་པས།
ཀུན་བཟང་ཆོས་རྒྱལ་གྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ ལྷ་ཁང་དང་ དགོན་སྡེ་མང་རབས་ཅིག་ནང་ ཐང་ཀ་བརྒྱ་ལས་བཅད་དེ་ བཀྲམ་སྤེལ་ཡོདཔ་བཞིན་དུ་ ཁོ་ལུ་ ལྷ་བྲིས་འབད་བའི་ ལོ་༢༢ ཀྱི་ ཉམས་མྱོང་ཡོདཔ་ཨིན་པས།
རང་ལུགས་ཀྱི་ ཐང་ཀ་འགྲེམས་སྟོན་ འགོ་དང་པ་ འགོ་འདྲེན་འཐབ་མི་དེ་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།
འགྲེམས་སྟོན་ལས་རིམ་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་ཚེ་དབང་དང་ སིངྒ་པུར་ལས་ ཀུན་བཟང་ཆོས་རྒྱལ་གྱི་ རང་ལུགས་ཀྱི་ཐང་ཀ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ལས་རིམ་ནང་ ཚོན་རིགས་མ་འདྲཝ་ཚུ་གིས་བཏང་མི་དང་ གསེར་གྱི་སྤུས་ཚད་༢༤ ལས་གྲུབ་པའི་ ཐང་ཀའི་རིགས་ཚུ་ འགྲེམས་སྟོན་འབད་ཡོདཔ་ཨིན་པས།
ཀུན་བཟང་ཆོས་རྒྱལ་གྱིས་ སླབ་མིའི་ནང་ རང་བཞིན་ལས་བཏོན་པའི་ཚོན་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ སྐྱེ་ལྡན་གནས་སྟངས་ལུ་ཡང་ ཐོ་མ་ཕོག་པའི་ཁར་ རང་ལུགས་ཀྱི་ ཐང་ཀ་དེ་གིས་ ཆོས་དང་འབྲེལ་བའི་ ལམ་སྲོལ་བཟང་པོ་ཚུ་ ཉམས་སྲུང་དང་ བདག་འཛིན་འབད་ནི་ལུ་ ཁེ་ཕན་འཐོབ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རང་རྐྱང་གི་འགྲེམས་སྟོན་དེ་ ད་རེས་ འགོ་དང་པ་ཨིནམ་མ་ཚད་ གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ལམ་སྲོལ་བཟང་པོ་ཚུ་ གསལ་སྟོན་འབད་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་རེས་ནངས་པ་ ལྷ་བྲིསཔ་ཚུ་གིས་ རང་ལུགས་ཀྱི་ཐང་ཀ་འབྲི་ནི་གི་ ལམ་སྲོལ་བཟང་པོ་ཚུ་ བཤོལ་བཞག་ཞིནམ་ལས་ ཚོང་འབྲེལ་འབད་ནི་དང་ ལཱ་འཇམ་ཏོང་ཏོ་ལུ་ གཙོ་རིམ་བཟུང་ཚུགས་པས་ཟེར་ཨིན་པས།
ཀུན་བཟང་ཆོས་རྒྱལ་གྱིས་ སླབ་མིའི་ནང་ ཐང་ཀ་ཚུ་ རང་བཞིན་ལས་འཐོན་པའི་ཚོན་ཚུ་ ལག་ལེན་འཐབ་ཐོག་ལས་ བྲིས་སྟེ་ཡོདཔ་ལས་ བྱིན་བརླབས་ཅན་ཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་ ཧེ་མ་ལས་ཡོད་པའི་ རང་ལུགས་ཀྱི་ཐང་ཀ་ཚུ་ བདག་འཛིན་འཐབ་སྟེ་ བྲིས་ཡོདཔ་ལས་ ལས་ཚོགས་སློབ་དཔོན་གྱིས་ཡང་ ཁོ་ལུ་ ངལ་རངས་ཡོད་ལུགས་ཡང་ བཤད་ཡོདཔ་ཨིན་པས།
ལས་རིམ་དེ་ མི་མང་ལུ་ སྤྱི་ལོ་༢༠༢༥ ཟླ་༡ པའི་ཚེས་༣༠ ཚུན་ འགྲེམས་སྟོན་འབད་བཞག་ནི་ཨིནམ་ད་ ཀུན་བཟང་ཆོས་རྒྱལ་གྱིས་ “དཱ་ ཨཱརི་ ཨོཕ་ ཨེན་ལའེཊི་མེན”ཟེར་མི་ ཀི་དེབ་ཅིག་ཡང་ གསར་བརྩམས་འབད་ཡོད་པའི་གནས་ཚུལ།
སངས་རྒྱས་མཚོ་མོ། ཚེ་རིང་གཡུ་སྒྲོན། བདེ་ཆེན་དབང་མོ།