༉ ཐིམ་ཕུག་ལུ་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་འཛིན་སྐྱོང་འཐབ་ནིའི་དོན་ལུ་ གཞུང་གིས་ ཐོ་བཀོད་འཐུས་མཐོ་དྲགས་ འགོ་བཙུགས་ནི་དང་ ཐིམ་ཕུག་ལུ་ འཛུལ་ཞུགས་འབད་མི་ཚུ་ལས་ སྤྱོད་འཐུས་བསྡུ་ལེན་གྱི་ལམ་ལུགས་ཅིག་ འགོ་བཙུགས་ནི་ཨིན་པས།
གཞུང་གིས་ དེ་བཟུམ་མའི་ ཐབས་ལམ་བཏོན་དགོ་མི་དེ་ཡང་ ཐིམ་ཕུག་ལུ་ སྣུམ་འཁོར་གྱི་ གྱངས་ཁ་ཚད་འཛིན་དང་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་སེལ་ཐབས་ལུ་ཨིན་པས།
འཐུས་བསྡུ་ལེན་ལམ་ལུགས་ཀྱིས་ ཐིམ་ཕུག་ལུ་ སྣུམ་འཁོར་ཐོ་བཀོད་འབད་ནི་ལུ་ འབྱེམ་ཕོག་ནི་ཨིན་པས།
རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་ ཡར་དྲག་དང་ སྔོན་རྟགས་ལེགས་ཤོམ་ཡོདཔ་སྦེ་ མངོན་གསལ་བྱུང་མི་ལུ་བརྟེན་ ལོ་༢ ཀྱི་རིང་ སྣུམ་འཁོར་ནང་འདྲེན་ བཀག་ཆ་འབད་མི་དེ་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༡༨ པ་ལས་ ཡངས་ཆག་བཏངམ་ལས་ཚུར་ སྲིད་བྱུས་བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ སྣུམ་འཁོར་ཐོགས་ལུས་དང་ བཙོག་རླུང་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་བརྩིས་ཏེ་ སྣུམ་འཁོར་གྱི་ གྱངས་ཁ་ཡར་སེང་དང་འབྲེལ་བའི་དཀའ་ངལ་ཚུ་ འཕྲལ་མཁོ་ཅན་ཅིག་སྦེ་ར་ བསལ་དགོཔ་སྦེ་ ཡིག་ཚང་བཀའ་རྒྱ་བཏང་མིའི་ནང་ བཀོད་ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་ལུ་ ཚ་གྱང་དང་འབྲེལ་ དཀའ་ངལ་སེལ་ཐབས་ལུ་ དམིགས་བསལ་དུ་ ཐིམ་ཕུག་ཁྲོམ་སྡེའི་ནང་ ཁྱད་པར་ཅན་གྱི་ ཐོ་བཀོད་ལམ་ལུགས་ཅིག་ བཟོ་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
ལྷན་ཁག་གི་ གསལ་བསྒྲགས་ནང་ ལམ་ལུགས་དེ་ཡང་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ ཐོ་བཀོད་ཀྱི་ བྱ་རིམ་ཚུ་དང་ མ་འདྲཝ་སྦེ་ འོང་ནི་ཨིནམ་མ་ཚད་ ཁྲོམ་སྡེའི་ནང་ སྣུམ་འཁོར་གྱི་གྱངས་ཁ་དེ་ ཕན་ནུས་ཅན་སྦེ་ ཚད་འཛིན་འབད་ནི་ལུ་ དམིགས་གཏད་བསྐྱེདཔ་ད་ སྣུམ་འཁོར་ཚུ་ འཛིན་སྐྱོང་འཐབ་སྟེ་ དཀའ་ངལ་ཚུ་ མར་ཕབ་ཐོག་ལས་ ཐིམ་ཕུག་ཁྲོམ་དེ་ མི་སེར་ག་ར་ སྡོད་ཚུགས་པའི་ ཁྲོམ་ཚོགས་ཅིག་སྦེ་ བཟོ་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཐོ་བཀོད་ལམ་ལུགས་ཅིག་ བཟོ་ནིའི་དོན་ལུ་ གྲོས་འཆར་ཟིན་བྲིས་བཏབ་པའི་བསྒང་ཡོདཔ་བཞིན་དུ་ གྲོས་འཆར་དེ་ཡང་ གཞུང་ལུ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ ཕུལ་འོང་ཟེར་ཨིན་པས།
ཐིམ་ཕུག་བརྩིས་ཏེ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ དེ་ལས་ མོང་སྒར་བརྩིས་ཏེ་ ལུང་ཕྱོགས་༤ ནང་ ཐོ་བཀོད་འབད་དོ་ཡོདཔ་ཨིན་པས།
ཉེན་སྲུང་དང་ སྐྱེལ་འདྲེན་སྒྲིག་གཞི་༢༠༢༡ ཅན་མའི་ནང་ ཐོ་བཀོད་འཐུས་ཚུ་ སྣུམ་འཁོར་དང་འཁྲིལ་ཏེ་ འགྱོ་དོ་ཡོདཔ་ད་ སྣུམ་འཁོར་ཆེ་བ་ ལྗིད་ཚད་ཊཱོན་༡༨.༥ འབད་མི་ཚུ་ལུ་ ཀུན་ཚང་འཐུས་དངུལ་ཀྲམ་༦,༠༠༠ དང་ སྣུམ་འཁོར་ཁྲལ་ དངུལ་ཀྲམ་༧,༠༠༠ བརྩིས་ཏེ་ ཐོ་བཀོད་འཐུས་དངུལ་ཀྲམ་༡༧,༠༠༠ ཨིན་པས།
སྣུམ་འཁོར་བར་མ་ ལྗིད་ཚད་ཊཱོན་༣ ལྷགཔ་སྦེ་ཡོད་མི་ཨིན་རུང་ ལྗིད་ཚད་ཊཱོན་༡༠ མ་བརྒལ་མི་ཚུ་ལུ་ འཐུས་དངུལ་ཀྲམ་༣,༨༠༠ དང་ སྣུམ་འཁོར་ཁྲལ་དངུལ་ཀྲམ ༥,༠༠༠ བརྩིས་ཏེ་ ཐོ་བཀོད་འཐུས་ དངུལ་ཀྲམ་༨,༠༠༠ ཨིན་པས།
སྣུམ་འཁོར་ཆུང་བ་ཚུ་གི་ཐད་ལུ་ ཤུགས་ཚད་སི་སི་༢༥༠༡ ཡན་ཆད་འབད་མི་ སྣུམ་འཁོར་ཚུ་ལུ་ ཐོ་བཀོད་འཐུས་༣,༠༠༠ དང་ ཤུགས་ཚད་སི་སི་༡༥༠༡ དང་ སི་སི་༢༥༠༠ འབད་མི་ཚུ་ལུ་ དངུལ་ཀྲམ་༢,༥༠༠ དེ་ལས་ ཤུགས་ཚད་སི་སི་༡༥༠༠ མན་ཆད་འབད་མི་ སྣུམ་འཁོར་ཚུ་ལུ་ ཐོ་བཀོད་འཐུས་ དངུལ་ཀྲམ་༢,༠༠༠ བྱིན་དོ་ཡོདཔ་ཨིན་པས།
སྒེར་གྱི་གློག་ཤུགས་ སྣུམ་འཁོར་ཚུ་ལུ་ དངུལ་ཀྲམ་༢,༠༠༠ དང་ གཞུང་གི་ གློག་ཤུགས་སྣུམ་འཁོར་ཚུ་ལུ་ ཐོ་བཀོད་འཐུས་ དངུལ་ཀྲམ་༡,༥༠༠ ཨིན་པས།
སྡོད་ཁྲི་༥ འབད་མི་ གླ་འཁོར་ཚུ་ལུ་ ཐོ་བཀོད་འཐུས་ དངུལ་ཀྲམ་༣,༠༠༠ དང་ སྡོད་ཁྲི་༡༢ འབད་མི་ སྣུམ་འཁོར་ཚུ་ལུ་ ཐོ་བཀོད་འཐུས་དངུལ་ཀྲམ་༦,༥༠༠ ཨིན་པས།
སྣུམ་འཁོར་ཐོ་བཀོད་ཀྱི་ ཁ་སྐོང་སྦེ་ སྣུམ་འཁོར་ཉོ་མི་ཚུ་ ཐོ་བཀོད་ལག་ཁྱེར་གྱི་དོན་ལུ་ དངུལ་ཀྲམ་༥༠༠ དང་ ལོ་བསྟར་བསྐྱར་གསོའི་འཐུས་ སྣུམ་འཁོར་གྱི་ དབྱེ་ཁག་དང་འཁྲིལ་ཏེ་ བྱིན་དོ་ཡོདཔ་ཨིན་པས།
གལ་སྲིད་ གཞུང་གིས་ འཐུས་གསརཔ་གྱི་ ལམ་ལུགས་དེ་ ཐིམ་ཕུག་ཁྲོམ་སྡེ་ནང་ ཐོ་བཀོད་འབད་མི་ སྣུམ་འཁོར་རྙིངམ་ཚུ་གི་ ལོ་བསྟར་འཐུས་ ཡར་སེང་ཐོག་ལས་ འགོ་བཙུགས་པ་ཅིན་ ལོ་བསྟར་བསྐྱར་གསོའི་འཐུས་ ཡར་སེང་འགྱོ་ནི་ཨིན་པས།
ཕྱི་ཁར་ཐོ་བཀོད་འབད་དེ་ཡོད་མི་ སྣུམ་འཁོར་ཚུ་ ཐིམ་ཕུག་ཁྲོམ་སྡེའི་ ནང་འཁོད་ལུ་ ལག་ལེན་འཐབ་མི་ཚུ་ ལམ་ལུགས་གསརཔ་ནང་ ལོག་ཐོ་བཀོད་འབད་དགོཔ་ཨིན་པས།
ཉེན་སྲུང་དང་སྐྱེལ་འདྲེན་སྒྲིག་གཞི་༢༠༢༡ ཅན་མའི་ ཐོ་བཀོད་འཐུས་དེ་ ཁྲལ་ཆ་ཤས་ཅིག་དང་སྦྲགས་ཏེ་ ཁྲལ་སྲིད་བྱུས་༡༩༩༢ ཅན་མ་དང་འཁྲིལ་ཏེ་ བཟོ་ཡོདཔ་ཨིན་པས།
སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་བསལ་ནིའི་དོན་ལས་ གཞུང་གིས་ སྤྱོད་འཐུས་བསྡུ་ལེན་འབད་ནི་གི་ ལམ་ལུགས་ཅིག་ཡང་ བཟོ་དོ་ཡོདཔ་ད་ ད་རེས་ གཞི་རྟེན་མཁོ་ཆས་ལས་ཁུངས་ཀྱིས་ གནད་དོན་དེ་ལུ་ ལཱ་འབད་བའི་བསྒང་ ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༣༡ གི་ནང་འཁོད་ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་༡༢༧,༣༡༦ ཡོད་མིའི་གྲས་ལས་ མཐོ་ཤོས་ར་ ཐིམ་ཕུག་ལུང་ཕྱོགས་ནང་༦༩,༩༤༧ ཡོདཔ་ད་ དེ་གི་འོག་ལས་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་༣༩,༥༥༡ དགེ་ལུགས་ཕུག་ལུ་༨,༩༢༧ བསམ་གྲུབ་ལྗོངས་མཁར་ལུ་༥,༧༨༢ དེ་ལས་ མོང་སྒར་ལུ་ སྣུམ་འཁོར་༣,༡༠༩ ཐོ་བཀོད་འབད་དེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།