༉ ལཱ་གཡོག་དང་ཚོང་འབྲེལ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༢༣-༢༤ གི་རྩིས་ལོའི་ནང་ འབྲུག་མི་༣༤ དེ་ཅིག་ ཕྱི་རྒྱལ་ལུ་ ལཱ་གཡོག་བྱིན་ཡོད་པའི་གྲངས་སུ་ ད་ལྟོ་ཚུན་ ཨམ་སྲུ་༢༦ དང་ ཕོ་སྐྱེས་༨ ཡོདཔ་ཨིན་པས།
ཕྱི་རྒྱལ་ལཱ་གཡོག་ལས་རིམ་ འགོ་བཙུགས་ཞིནམ་ལས་ཚུར་ ལས་ཁུངས་ཀྱིས་ ཇ་པཱན་དང་ སིངྒ་པུར་ དེ་ལས་ དབུས་ཤར་རྒྱལ་ཁབ་ཚུ་ནང་ ལཱ་གཡོག་འཚོལ་མི་བསྡོམས་ མི་གྲངས་༡༣,༣༠༤ ལུ་ ལཱ་གཡོག་འཚོལ་ནིའི་ ཆ་རོགས་འབད་ཡོདཔ་ཨིན་པས།
ཨིན་རུང་ ལས་ཁུངས་ཀྱིས་ ཐོ་བཀོད་མ་འབད་བར་ཡོད་པའི་ལས་སྡེ་དང་ ཡང་ན་ རང་གིས་ ཕྱི་རྒྱལ་ལུ་ ལཱ་འབད་ནི་གི་ གོ་སྐབས་འཚོལ་བའི་སྐབས་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ད་ གནད་དོན་ལ་ལུ་ཅིག་ནང་ ལས་ཁུངས་ཀྱིས་ གནམ་གྲུ་ཐང་ནང་ བར་འཛུལ་འབད་དགོཔ་ཐོན་དོ་ཡོདཔ་ད་ དེ་ཡང་ མི་ཚུ་གིས་ ཡིག་ཆ་ཚུ་ བདེན་དཔྱད་མ་འབད་ནི་དེ་གིས་ འཕུར་འགྲུལ་འབད་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་པས།
གཞུང་གིས་ ཁག་ཆེ་བའི་ཡིག་ཆ་ཚུ་ ལྷན་ཐབས་འབད་ནི་དང་ ཤུལ་ལས་ ལོག་འོང་ནི་ལུ་ ཆ་རོགས་འབད་དགོཔ་ལས་ འདི་བཟུམ་གནས་སྟངས་ འབྱུང་མི་བཅུག་ནིའི་དོན་ལུ་ཨིན་པས།
ལཱ་གཡོག་དང་ཚོང་འབྲེལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀུན་བཟང་ལྷ་མོ་གིས་ སླབ་མིའི་ནང་ ཐོ་བཀོད་མེད་པའི་ ལས་སྡེ་ཚུ་གིས་ ལཱ་གཡོག་འཚོལ་མི་ཚུ་ལུ་ དངུལ་ཕོགས་ལེགས་ཤོམ་བྱིན་ནི་ཨིན་ཟེར་ སེམས་ལྷུ་དོ་ཡོདཔ་ཨིན་རུང་ མང་ཤོས་ཅིག་ ཁྱིམ་ནང་ལཱ་འབད་ནིའི་ ཉེན་ཁ་ཡོད་པའི་གནས་སྟངས་ནང་ ཚུད་དོ་ཡོདཔ་ལས་ དེ་གིས་ མི་ནག་ཚོང་འཐབ་པའི་གནད་དོན་ཚུ་ འབྲེལ་འཛིན་འབདཝ་མས་ཟེར་ཨིན་པས།
ལྷན་ཁག་གིས་ ལཱ་གཡོག་འཚོལ་མི་ཚུ་ ཕྱི་རྒྱལ་ལུ་ ཁྱིམ་ནང་གི་ལཱ་འབད་ནིའི་ སེམས་ཤུགས་བྱིན་ནི་མེད་ཟེར་ མོ་གིས་ བཤདཔ་ཨིན་པས།
ལྷན་ཁག་གིས་ འདས་པའི་ལོ་ནང་ དབུས་ཤར་རྒྱལ་ཁབ་ཚུ་ནང་ ལྟ་རྟོག་འབད་བར་འགྱོ་པའི་སྐབས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་མི་ ཁྱིམ་གྱི་ལས་བྱེདཔ་མང་ཤོས་ཅིག་ལུ་ ཟླཝ་ལས་བཅད་དེ་ གླ་ཆ་མ་སྤྲོད་པའི་ཁར་ འཐུས་ཚུ་ཡང་ མ་འཐོབ་པར་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
ཀུན་བཟང་ལྷ་མོ་གིས་ སླབ་མིའི་ནང་ ཁྱིམ་ནང་གི་ལཱ་འདི་ ཉེན་ཁ་ཅན་དང་ ངེས་བརྟན་མེད་ཟེར་ཨིནམ་ད་ འབྲུག་པའི་ལས་བྱེདཔ་མང་ཤོས་ཅིག་ལུ་ ལཱ་གཡོག་གི་གན་ཡིག་དང་ ཁྲིམས་མཐུན་གྱི་ ཡིག་ཆ་ཚུ་མེདཔ་ལས་ ཁོང་ར་ ཉེན་ཁ་ཅན་སྦེ་ར་ སྡོད་དོ་ཡོདཔ་ཨིན་པས།ལྷན་ཁག་གིས་ ཁོང་ལ་ལུ་ཅིག་ལུ་ རྒྱབ་སྐྱོར་དང་ གྲོགས་རམ་ཚུ་ བྱིན་དགོཔ་བྱུང་ཡོདཔ་ད་ ལ་ལུ་ཅིག་གིས་ ཁོང་རའི་ཐོག་ལས་ སོང་ཡོདཔ་ལས་ གནད་དོན་མང་ཤོས་ཅིག་ནང་ མི་ནག་ཚོང་གི་ གནད་དོན་ཚུ་ནང་ ཚུད་ནིའི་ཉེན་ཁ་ཡོདཔ་ཨིན་པས།
ཚུལ་མིན་བཀོལ་སྤྱོད་འབད་ནིའི་ ཉེན་ཁ་མར་ཕབ་དོན་ལུ་ ལཱ་གཡོག་དང་ཚོང་འབྲེལ་ལས་ཁུངས་ཀྱིས་ ཕྱི་རྒྱལ་ལུ་ རང་སོ་གིས་ ལཱ་འབད་ནིའི་འཆར་གཞི་ཡོད་མི་ཚུ་ལུ་ ཁོང་རའི་ཡིག་ཆ་ཚུ་ ལྷན་ཁག་ལས་ བདེན་དཔྱད་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ གནམ་གྲུ་ཐང་གི་ ལས་བྱེདཔ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ མི་ལ་ལུ་ཅིག་ འཛིན་བཟུང་འབད་ཡོདཔ་མ་ཚད་ ཁོང་གི་ཡིག་ཆ་ཚུ་ བདེན་དཔྱད་དང་ ངོས་འཛིན་འབད་ཡོདཔ་མ་ཚད་ ལཱ་གཡོག་བྱིན་མི་ཚུ་ཡང་ ལྟ་རྟོག་འབད་དེ་ ཉེན་སྲུང་ཐོག་ལས་ འགྱོ་ཚུགསཔ་བཟོ་ཡི་ཟེར་ཨིན་པས།
ལཱ་གཡོག་འཚོལ་མི་ཚུ་ ཉེན་སྲུང་འབད་ཐབས་ལུ་ ལྷན་ཁག་གིས་ ས་མཚམས་ཁའི་ འཐོན་འཛུལ་ས་གོ་ནང་ ལཱ་འབད་མི་ཚུ་ལུ་ གོ་བརྡའི་ཤེས་ཡོན་བྱིན་ནིའི་ འཆར་གཞི་ཡོདཔ་ད་ དེ་ཡང་ མི་ལ་ལུ་ཅིག་གིས་ གཞུང་འབྲེལ་གྱི་ ལྟ་རྟོག་ལས་ ཟུར་ཐབས་འབད་ནིའི་ དཔའ་བཅམ་ནི་དེ་གིས་ཨིན་པས།
རང་གིས་ ལཱ་གཡོག་འཚོལ་མི་ཚུ་ མང་ཤོས་ཅིག་ར་ མི་སྡེ་དང་ དཔལ་འབྱོར་གྱི་ གོ་སྐབས་མེད་མི་ཚུ་ཨིནམ་ད་ དེ་ཡང་ ཨའི་རྐྱངམ་གཅིག་འབད་མི་དང་ ཤེས་ཚད་ཉུང་སུ་ཡོད་མི་ཚུ་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ གདོང་ལེན་ཚུ་དང་བསྟུན་ ལས་ཁུངས་ཀྱིས་ གནས་སྟངས་སྐྱོ་དྲགས་ཡོད་མི་ལུ་བརྟེན་ འབྲུག་རྒྱལ་ཁབ་ནང་ ལོག་འོང་མི་ཚུ་བརྩིས་ཏེ་ ཕྱི་རྒྱལ་ལུ་ ལཱ་གཡོག་འཚོལ་མི་དང་ གདོང་ལེན་བྱུང་མི་ཚུ་ལུ་ དམིགས་གཏད་ཐོག་ལས་ གྲོགས་རམ་བྱིན་ནིའི་དོན་ལུ་ ཐབས་ཤེས་ཚུ་ བརྩམས་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ མོ་གིས་འབད་བ་ཅིན་ ལཱ་གཡོག་འཚོལ་མི་ཚུ་གིས་ ཉུང་ཤོས་ར་ སློབ་རིམ་༡༠པ་ཚུན་གྱི་ ཤེས་ཚད་དང་ སྐྱེས་ལོ་༢༡ དང་༢༩ གི་བར་ན་འབད་དགོཔ་འདུག་ཟེར་ཨིན་པས།གནས་ཚད་དེ་གིས་ ལཱ་གཡོག་གི་གྲུབ་འབྲས་ཚུ་ ལེགས་བཅོས་འབད་ནི་ལུ་དམིགས་ཏེ་ཡོདཔ་ད་ ཤེས་ཡོན་གྱི་ གནས་ཚད་འདི་ཡོད་མི་ ངོ་རྐྱང་ཚུ་གིས་ ལཱ་གི་གྲུབ་འབྲས་ལེགས་ཤོམ་བཏོན་དོ་ཡོདཔ་མ་ཚད་ ལཱ་གཡོག་བྱིན་མི་ཚུ་ལས་ཡང་ རྒྱབ་སྐྱོར་ལེགས་ཤོམ་ཐོབ་སྟེ་ཡོདཔ་ཨིན་པས།
ལྷན་ཁག་གིས་ བཱ་རེན་ལུ་ ལཱ་གཡོག་འཚོལ་མི་༢༠༣ དང་ ཇ་པཱན་ལུ་༨༡༣ ཀུ་ཝེཊ་ལུ་༧,༩༦༣ ཨོ་མཱན་ལུ་༢༤ ཀ་ཊར་ལུ་༡,༠༩༨ དེ་ལས་ ཡུ་ཨེ་ཨི་ལུ་༡,༥༠༠ལུ་ ལཱ་གཡོག་བྱིན་ཡོདཔ་ད་ དེ་ཡང་ མང་ཤོས་ར་ མགྲོན་སྐྱོང་དང་ སིལ་ཚོང་ དེ་ལས་ སྨན་གཡོགམོ་ལ་སོགས་པའི་ལས་སྡེ་ཚུ་ནང་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement