༉ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ནི་གི་ ལོ་༤ ལས་བརྒལ་མེདཔ་ལས་ ཐིམ་ཕུག་གི་ ཞི་གཡོགཔ་ཅིག་ མ་འོངས་ཀྱི་གནས་སྟངས་དེ་ ངེས་མེད་ཅིག་སྦེ་ ཡོདཔ་ཨིན་པས།
ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ལཱ་འབད་བའི་ཤུལ་ལུ་ སྡོད་ཁྱིམ་ཅིག་ རྐྱབ་སྟེ་མེདཔ་ལས་ དགོངས་ཞུ་འབད་བའི་ཤུལ་ ག་ཏེ་སྡོད་ནི་ཨིན་ན་ མ་ཤེས་པར་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
ཁོ་གིས་ ཏི་རུ་གསོག་འཇོག་འབད་ཡོད་རུང་ མང་ཤོས་ཅིག་ ཨ་ལོ་ཚུ་ སྒེར་གྱི་མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་བྱིན་ཏེ་ རྫོགས་པའི་ཁར་ རྒྱ་གར་ལུ་ ཡུན་རིངམོ་སྦེ་ སྨན་བཅོས་འབད་སྡོད་པའི་སྐབས་ མ་དངུལ་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ བྱུང་ཡོདཔ་ཨིན་པས།
ཁོ་གིས་ ཁོ་རའི་གཡུས་ཁ་ ས་ཅིག་ཉོ་ཡོད་རུང་ སྡོད་ཁྱིམ་ཅིག་ རྐྱབ་མ་ཚུགས་པར་ཡོདཔ་ད་ དེ་ཡང་ བཟའ་ཚང་ནང་འཁོད་དང་ སྨན་བཅོས་ཀྱི་ ཟད་འགྲོ་ལུ་བརྟེན་ཨིན་པས།
གནས་སྟངས་དེ་ ཞི་གཡོག་བརྩིས་ཏེ་ འབྲུག་མི་མང་ཤོས་ཅིག་ལུ་ རྒྱུན་བརྟན་གྱི་ སྡོད་ཁྱིམ་དང་ ལཱ་གཡོག་ལེགས་ཤོམ་ཅིག་ ཐོབ་མ་ཚུགས་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཁྱིམ་ཚོགས་སྲིད་བྱུས་བསྐྱར་ཞིབ་༢༠༡༩ ཅན་མ་དང་འཁྲིལ་བ་ཅིན་ མི་སྡེ་གོང་འཕེལ་དང་ དཔལ་འབྱོར་རྒྱུན་བརྟན་གྱི་དོན་ལུ་ ཐོབ་སྤྱོད་ཀྱི་ སྡོད་ཁྱིམ་ཁས་ལེན་འབད་དེ་ཡོདཔ་ད་ ཨིན་རུང་ མང་ཤོས་ཅི་གིས་ སྡོད་ཁྱིམ་གྱི་ བདག་དབང་ཐོབ་མ་ཚུགས་པར་ ཡོདཔ་ཨིན་པས།
འབྲུག་མི་ཚུ་གི་ ཕྱི་རྒྱལ་ཁབ་ལས་ཕར་ ལཱ་གཡོག་འཚོལ་ཞིབ་འབད་མི་དེ་ ཡར་འཕར་སོང་སྟེ་ཡོདཔ་བཞིན་དུ་ ཁོང་ར་ཆ་ཁྱབ་ ལོག་རྒྱལ་ཁབ་ནང་འོངམ་ད་ སྡོད་ཁྱིམ་ཚུ་ རྐྱབ་ཚུགས་དོ་ཡོདཔ་ད་ ཐིམ་ཕུག་ལུ་ སྒྲིང་ཁྱིམ་དང་ ཁང་མིག་མང་ཤོས་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་མི་ཚུ་གི་ཨིན་པས།
འབྲུག་པའི་ འཚོ་བའི་གནས་ཚད་བརྟག་ཞིབ་སྙན་ཞུ་༢༠༢༢ ཅན་མ་དང་འཁྲིལ་བ་ཅིན་ འབྲུག་མི་ཕྱེད་ཀ་དེ་ཅིག་ལུ་ ཁྱིམ་གྱི་བདག་དབང་མེདཔ་ད་ ཁྲོམ་གྱི་མི་རློབས་ རྒྱ་ཆ་༦༨ ཁང་གླ་ཁར་ སྡོད་དོ་ཡོདཔ་ཨིན་པས།
མང་ཤོས་ཅིག་ལུ་ ཁང་གླ་དང་འབྲེལ་བའི་ དཀའ་ངལ་ཐོན་མི་དེ་ རྒྱལ་སྤྱི་གནས་ཚད་ གུང་པ་རེ་ལུ་ འོང་འབབ་བརྒྱ་ཆ་༣༠ དགོཔ་ཡོད་མི་ལས་ བརྒལ་ཡོདཔ་ཨིན་པས།
སྒྲིག་གཞི་དང་བཅའ་ཡིག་གིས་ ཚད་འཛིན་འབད་ཡོད་རུང་ ཁང་གླ་ཡར་སེང་འགྱོ་མི་དེ་ དཀའ་ངལ་སྦོམ་ཤོས་ཅིག་ཨིནམ་ད་ ཁང་གླ་ཚུ་ སྙན་སྒྲོན་མེད་པར་ ཡར་སེང་འབད་དོ་ཡོདཔ་ད་ མ་གཞི་ སྒྲིག་གཞི་ཅིག་ཡོད་རུང་ བསྟར་སྤྱོད་མི་འབད་བས་ཟེར་ ལས་འཛིན་ནང་ ལཱ་འབད་མི་ཅིག་གིས་ བཤདཔ་ཨིན་པས།
ཕྱོགས་ཅིག་ལས་འབད་བ་ཅིན་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁང་གླ་ཡར་སེང་འབད་མི་དེ་ཡང་ བཟོ་སྐྲུན་གྱི་ སྐྱིན་འགྲུལ་ནང་ སྐྱེད་མཐོ་དྲགས་ཡོད་མི་ལུ་བརྟེན་ཨིན་ཟེར་ བཤད་དོ་ཡོདཔ་ཨིན་པས།
དཔེར་ན་ འབྲུག་གི་དངུལ་ཁང་གིས་ ཁྱིམ་གྱི་སྐྱིན་འགྲུལ་ལུ་ སྐྱེད་བརྒྱ་ཆ་༡༠.༧༥ དང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ སྐྱེད་བརྒྱ་ཆ་༡༡ དེ་ལས་ འབྲུག་པི་ཨེན་བི་དངུལ་ཁང་གིས་ བརྒྱ་ཆ་༨ སྦེ་ བྱིན་དོ་ཡོདཔ་ཨིན་པས།
སྒེར་སྡེ་ནང་ ལཱ་འབད་མི་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ སྒེར་སྡེ་ནང་ ལཱ་འབད་མི་ཚུ་ སྐྱིན་འགྲུལ་གྱི་ ཞབས་ཏོག་ཐོབ་པར་ ལཱ་ཁག་གཏང་དོ་ཡོདཔ་ལས་ ཁྱིམ་རྐྱབ་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
བརྟག་ཞིབ་ཅིག་ནང་ འབྲུག་པའི་བར་ན་ ཏི་རུ་གསོག་འཇོག་འབད་མི་ ཉུང་སུ་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ད་ དེ་ཡང་ མང་ཤོས་ར་ འོང་འབབ་ཆུང་བ་དང་ བར་མ་ཚུ་ནང་ཡོདཔ་བཞིན་དུ་ སྐྱིན་འགྲུལ་ལེན་མི་ཚུགས་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱལ་ཁབ་ཚུ་གིས་འབད་རུང་ ཡུན་རིངམོ་གི་ ཁྱིམ་གྱི་སྐྱིན་འགྲུལ་ མི་བྱིན་དོ་ཡོདཔ་བཞིན་དུ་ འབྲུག་མི་མང་ཤོས་ཅིག་ལུ་ སྡོད་ཁྱིམ་བདག་དབང་འཐོབ་ནི་ ཚད་འཛིན་འབད་དེ་ ཡོདཔ་ཨིན་པས།
དཔག་བསམ་ཁ་ལུ་ སྒེར་སྡེ་ཅིག་ནང་ ལཱ་འབད་མི་ ལེབ་ཅཱ་གིས་ སླབ་མིའི་ནང་ སྡོད་ཁྱིམ་བཟོ་སྐྲུན་གྱི་དོན་ལས་ གཞུང་གིས་ ཐོབ་སྤྱོད་སྐྱིན་འགྲུལ་ལས་རིམ་ཅིག་ འགོ་བཙུགས་དགོ་པའི་ཁར་ མི་ཚུ་ལུ་ ཁྱིམ་རྐྱབ་ནི་ལུ་ སེམས་ཤུབས་ཐོབ་ནི་ལུ་ སྐྱེད་བརྒྱ་ཆ་༤ ལས་༥ ནང་ ཕབ་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁེ་ཕན་ཅན་གྱི་ དངུལ་ཁང་ནང་ལཱ་འབད་མི་ཚུ་ལུ་ ཐོབ་སྤྱོད་གྱི་ སྐྱིན་འགྲུལ་ཐོབ་མི་དེ་ སྤྱིར་བཏང་ མི་སེར་ཚུ་ལུ་ བྱིན་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ས་དང་ བཟོ་སྐྲུན་ཅ་ཆས་ ལས་མི་གི་ གོང་ཚད་ཡར་སེང་དེ་གིས་ ལྷག་པར་དུ་ སྡོད་ཁྱིམ་གྱི་ ཁང་གླ་ཡར་སེང་འབད་ནི་གི་ ལྷན་ཐབས་འབད་དོ་ ཡོདཔ་ཨིན་པས།
ཐོབ་སྤྱོད་སྡོད་ཁྱིམ་གྱི་ གཞུང་གི་ཁས་བླངས།
མི་སེར་དམངས་གཙོ་ཚོགས་པ་གིས་ ཐོབ་སྤྱོད་སྡོད་ཁྱིམ་གྱི་དོན་ལུ་ ཁས་བླངས་ལེ་ཤ་ འབད་དེ་ཡོདཔ་ཨིན་པས།
གཞུང་གིས་ ཐིམ་ཕུག་ ལྕང་ཇི་ཇི་སྡོད་ཁྱིམ་ནང་ གླ་ཁར་སྡོད་མི འགན་ཡིག་དེ་ བསྐྱར་ཞིབ་འབད་དེ་ ལཱ་གཡོག་ནང་ལས་ དགོངས་ཞུ་མ་འབད་ཚུན་ སྡོད་ཆོགཔ་སྦེ་ བཟོ་ཡོདཔ་ཨིན་པས།
དེ་གིས་མ་ཚད་ གཞུང་གིས་ དངུལ་རྩིས་ལྷན་ཁག་ལུ་ འོང་འབབ་ཆུང་བའི་ སྡོད་ཁྱིམ་མངམ་བཟོ་དགོཔ་སྦེ་ སླབ་སྟེ་ཡོདཔ་ད་ གཞུང་གིས་ “Rent to Own” ཟེར་མི་ ལས་རིམ་ཅིག་ འགོ་བཙུགས་ནི་ འཆར་གཞི་ཡོདཔ་ད་ ལམ་ལུགས་དེ་གི་འོག་ལུ་ སྡོད་ཁྱིམ་ཚུ་རྐྱབ་སྟེ་ ཞི་གཡོག་དང་ སྒེར་སྡེ་ནང་ལཱ་འབད་མི་ དེ་ལས་ འོང་འབབ་ཆུང་བའི་ སྡེ་ཚན་ཚུ་གིས་ སྡོད་ཁྱིམ་ཐོབ་ཚུགསཔ་བཟོ་ནི་ཨིན་པས།
སྡོད་ཁྱིམ་ནང་ སྡོད་པའི་ཤུལ་ལུ་ ཁྱིམ་དེ་ ཁོང་ཆ་ཁྱབ་ཀྱིས་ འཐོབ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
གཞུང་གིས་ འགོ་དང་པ་ ཁྱིམ་ཉོ་མི་ཚུ་ལུ་ སྐྱིན་འགྲུལ་གྱི་ སྐྱེད་བརྒྱ་ཆ་༤ ལུ་ མར་ཕབ་དང་ སྐྱིན་ཚབ་བཏབ་ནི་ དུས་ཡུན་ལོ་༣༠ ལུ་ ཕར་འགྱངས་ཀྱི་ རྒྱབ་སྐྱོར་འབད་ནི་ ཁས་བླངས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ གཞུང་གིས་ གཏའ་མའི་ཆ་ཚད་ བརྒྱ་ཆ་༧༠ ལས་༩༥ ཐོག་ལུ་ སྐྱིན་འགྲུལ་གནས་གོང་ ཡར་སེང་འབད་ནི་ ཁས་བླངས་འབད་ཡོདཔ་བཞིན་དུ་ དེ་གིས་ ངོ་རྐྱང་ཚུ་གིས་ སྡོད་ཁྱིམ་རྐྱབ་ནི་ ཡང་ཅིན་ ཁང་མིག་ཉོ་ནི་གི་ སྐྱིན་འགྲུལ་འཐོབ་ཚུགས་ནི་ཨིན་པས།
ཁང་ཁྱིམ་དང་ ཕ་གཞི་བཟོ་མི་ཚུ་གི་དོན་ལུ་ གཞུང་གིས་ སྡོད་ཁྱིམ་རྐྱབ་ནི་གི་ གཞུང་གི་ས་ཆ་གླ་ཁར་གཏང་ནི་ ལྷན་ཐབས་འབད་ནི་ ཁས་བླངས་འབད་ཡོདཔ་ཨིན་པས།
གཞུང་གིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་འོག་ལུ་ ཐོབ་སྤྱོད་སྡོད་ཁྱིམ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༥ བགོ་བཀྲམ་ འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།