༉ ཉིནམ་༩ འི་རིང་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་རྗེས་དྲན་དགོངས་རྫོགས་མཆོད་རྟེན་ནང་སྦེ་ གྲུབ་དབང་སྟངས་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ དགེ་འདུནམ་༡༠༠ དེ་ཅིག་གིས་ གཡང་སྒྲུབ་ཆོ་ག་གནང་མི་དེ་ ད་རིས་ཀ་ལི་ཞི་ཁྲོའི་ཆོ་ག་གནང་སྟེ་ འགྲོལ་གནང་ནི་ཨིན་པས།
ཆོས་སྡེ་གོངམ་མདོ་སྔགས་ཆོས་ཀྱི་དགའ་ཚལ་དགོན་སྡེའི་ བླམ་འཕྲིན་ལས་ནོར་བུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༨ དེ་ཅིག་ཁར་ དགོན་སྡེའི་ལོ་བསྟར་ཞལ་འཛོམས་ནང་ རྗེས་དྲན་མཆོད་རྟེན་ནང་སྦེ་ ལས་རིམ་ཅིག་འགོ་འདྲེན་འཐབ་དགོ་པའི་གྲོས་ཐག་བཅད་པའི་ཤུལ་ ནད་ཡམས་ཀོ་བིཌ་༡༩ ཐོན་མི་གིས་ འགོ་འདྲེན་འཐབ་མ་ཚུགསཔ་མ་ཚད་ སྒྲུབ་སྡེའི་སྒྲུབ་ཆེན་དང་ བཤད་གྲྭའི་སློབ་དུས་ལ་སོགས་པ་ཐོན་ཏེ་ ལོ་༤ ཚུན་ ཕར་འགྱངས་འབད་དགོཔ་བྱུང་པའི་ཤུལ་ དུས་ཅི་ གོ་སྐབས་ལེན་ཚུགས་ཅི་ཟེར་ཨིན་པས།
དེ་སྦེ་ ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ སྤྱིར་འཛམ་གླིང་ཞི་བདེ་དང་ བསྟན་པ་དང་ འགྲོ་བའི་དོན་དུ་ཨིནམ་མ་ཚད་ ནད་ཡམས་ཀོ་བིཌ་༢༩ ལུ་བརྟེན་ དཔལ་འབྱོར་གྱི་དཀའ་ངལ་རྒྱ་ཆེ་དྲགས་སྦེ་བྱུང་སྲིད་དེ་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ དཀའ་ངལ་ཐོན་པའི་བསྒང་ལས་ ག་ར་ལུ་ སྐྱིད་སྡུད་ཕོག་དོ་ཡོདཔ་ལས་ ལོག་དཔལ་འབྱོར་གོང་འཕེལ་དང་ ལྕོགས་གྲུབ་ཅན་བཟོ་ནི་ལུ་ ཆོས་ཕྱོགས་ཀྱི་ཁ་ཐུག་ལས་ གཙོ་བོར་གཡང་སྒྲུབ་ཀྱི་ཆོ་ག་གནང་ཡོདཔ་ཨིན་ཟེར་ འགོ་འདྲེན་འཐབ་མི་ བླམ་གིས་བཤདཔ་ཨིན་པས།
རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ སྦྱིན་བདག་འབྱོར་པ་ཅན་ཚུ་ དཔལ་འབྱོར་ཡར་རྒྱས་བཏགས་ དེ་ལས་ ཆོས་བསྒོར་བཞུགས་མི་ཚུ་ལུ་ སྦྱིན་བདག་མཛད་དེ་ རྟེན་ཅིང་འབྲེལ་བའི་ངང་ལས་ རྒྱལ་ཁབ་སྒྲིང་སྒྲི་འགྱོ་ནི་ཨིན་རུང་ ཏི་རུ་བསགས་ནིའི་ལཱ་ར་མ་འབད་བར་ ག་དེ་སྦེ་ ཕྱུགཔོ་འགྱོ་ནི་ཟེར་ རིན་པོ་ཆེ་དང་ སྤྲུལ་སྐུ་གིས་ གསུངས་ཡོད་མི་གུ་ གཞིར་བཞག་སྟེ་ ད་རིས་ གཡང་སྒྲུབ་གནང་དོ་ཟེར་ཨིན་པས།
གཡང་སྒྲུབ་ཀྱི་གསུང་ཆོག་དེ་ཡང་ རྫོང་ཁག་དང་ དགོན་སྡེ་ཚུ་ནང་མེན་པར་ ཐིམ་ཕུག་དགོངས་རྫོགས་མཆོད་རྟེན་ནང་སྦེ་ གནང་མི་དེ་ཡང་ རྫོང་ཁག་༢༠ གི་མི་སེར་ཆེ་འབྲིང་ཆུང་༣ ག་ར་ འཛོམས་སའི་ལྟེ་བ་དང་ ག་ར་གིས་ ཐུགས་སྨོན་གནང་ནི་ དེ་ལས་ དད་པ་བསྐྱེད་དེ་ སྦྱིན་བདག་འབད་མི་ཡང་ འཐོན་སྲིད་ནི་ལུ་ གཞིར་བཞག་སྟེ་ འགོ་འདྲེན་འཐབ་ཡོདཔ་ཨིན་ཟེར་ཨིན་པས།
དམིགས་བསལ་དུ་ དགོངས་རྫོགས་མཆོད་རྟེན་རྩ་བར་གནང་མི་དགོ་མི་དེ་ གྲྭ་ཚང་དང་ དགོན་སྡེ་ཁག་གི་བླམ་དང་ རིན་པོ་ཆེ་མང་ཧོད་རྫོགསཔ་ཅིག་གིས་ ཞབས་ཀྱི་བཅགས་ བྱིན་གྱིས་རློབས་གནང་པའི་ཁར་ སྨོན་ལམ་གང་ལྟར་ཐེག་པའི་ རྩ་ཅན་གྱི་མཆོད་རྟེན་ནང་ འགོ་འདྲེན་འཐབ་ཡོདཔ་སྦེ་ཨིན་པས།
དམིགས་ཡུལ་གཞན་མི་དེ་ དབང་ཕྱུག་བརྒྱུད་འཛིན་གྱི་རིང་ལུགས་དེ་ མ་འགྱུར་བསྟན་པ་སྦེ་གནས་ཐབས་ལུ་ཨིནམ་ད་ དེ་ཡང་ དབང་ཕྱུག་བརྒྱུད་འཛིན་གྱི་རིང་ལུགས་གནས་པ་ཅིན་ མི་སེར་ག་ར་གི་སྐྱིད་སྡུག་གཟིགས་ནི་དང་ ཞི་བདེ་རང་བཞིན་གྱིས་འོང་མི་ལུ་བརྟེན་ཨིན་ཟེར་ བླམ་གིས་སླབ་ཨིན་པས།
དེ་བཟུམ་སྦེ་ བླམ་གིས་འབད་བ་ཅིན་ སྤྱི་ཟླ་༦ པའི་ཚེས་༢༡ ལས་ གཡང་སྒྲུབ་གནང་ནི་འགོ་བཙུགས་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གི་ ལོ་ཕྱེད་ཆོས་རྒྱུགས་ཚུ་ འགོ་བཙུགས་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ ཆོས་རྒྱུགས་ཚུ་ནང་ འགྲུབ་འབྲས་ལེགས་འཐོན་དང་ བར་རྐྱེན་མི་འབྱུང་ནིའི་དོན་ལུ་ཡང་ དམིགས་གཏད་བསྐྱེད་དེ་ སངས་རྒྱས་ཀྱི་ཉིནམ་ཕོག་མི་ལུ་བརྟེན་ རི་བོ་བསང་མཆོད་དང་ རླུང་རྟ་ གེ་སེར་གྱི་སྲོག་གྲུབ་ཆེན་པོ་ཚུ་གནང་ཡི་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༣ ལས་༢༥ ཚུན་ ནོར་གྱི་བདག་པོ་ཨྱོན་ནོར་ལྷ་ལུ་ གསོལཝ་བཏབ་སྟེ་ གཡང་ཡོད་མི་ཚུ་ མི་ཉམས་ནི་དང་ གཡང་ཁུག་དེ་གིས་ ག་ར་ལུ་ ལེགས་ཤོམ་འོང་ཐབས་ལུ་ ཨྱོན་ནོར་ལྷའི་ཆོ་ག་གནང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༦ པའི་ཚེས་༢༦ ལས་༢༨ ཚུན་ བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་གཡང་སྒྲུབ་དེ་ཡང་ མཆོད་རྟེན་ནང་ འགོ་ཐོག་འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ མཇུག་ར་ ད་རིས་ རིན་པོ་ཆེ་མཆོག་གིས་ ཀ་གླིང་ཞི་ཁྲོའི་ཆོ་ག་གནང་སྟེ་ གཤིན་པོའི་མིང་ཐོག་བཀོད་མི་ཚུ་ བསྲེག་སྦྱང་གནང་སྟེ་ ཉིནམ་༩ འི་ཆོ་ག་ལས་རིམ་དེ་ དེ་སྦེ་མཇུག་བསྡུཝ་ཨིན་ཟེར་ཨིན་པས།
ལྷག་པར་དུ་ ཕྱི་རུའི་ཆུ་ཚོད་༣ ལས་༥ ཚུན་ ཨྱོན་ནོར་ལྷའི་དབང་དང་ རྗེ་བཙུན་སྒྲོལ་མའི་དབང་ སའི་སྙིང་པོའི་དབང་ རྟ་བྱ་ཁྱུང་གསུམ་གྱི་དབང་ ཁ་ཙ་ ཚེ་དཔག་མེད་ཀྱི་དབང་ཚུ་ སོ་ཡི་ར་ དད་ཅན་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ གནང་ཡོདཔ་བཞིན་དུ་ ད་རིས་ ཀ་གླིང་ཞི་ཁྲོའི་ཆོ་ག་གནང་སྟེ་ ཕྱི་རུ་ ཀ་གླིང་ཞི་ཁྲོའི་དབང་གནང་ནི་ཨིན་པས།
ད་རིས་ དེ་སྦེ་འགོ་འདྲེན་འཐབ་པའི་སྐབས་ ཉིན་བསྟར་བཞིན་དུ་ དད་ཅན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ རིན་པོ་ཆེ་མཆོག་ལས་ དབང་ཚུ་ཞུ་བར་འོང་མི་དང་ གསོལཝ་ཚོགས་དྲང་མི་ཡང་ རྒྱུན་མ་ཆད་པར་འོང་མི་ དེ་ལས་ མི་སེར་ཚུ་གིས་ རེ་འདོད་ལས་འབད་རུང་ ལོ་བསྟར་བཞིན་དུ་ གཡང་སྒྲུབ་གནང་དགོ་པའི་ སྨོན་ལམ་བཏབ་མི་དང་ སླབ་མི་མང་རབ་ཅིག་ཐོན་མི་ལུ་བརྟེན་ རིན་པོ་ཆེ་ལུ་ དགོངས་བཀུར་ཞུ་སྟེ་ དགོན་སྡེའི་ཞལ་འཛོམས་ནང་ གྲོས་འབུལ་སྦེ་བཙུགས་ཏེ་ གསུང་གྲོས་གནང་ནི་ཨིན་ཟེར་ བླམ་འཕྲིན་ལས་ནོར་བུ་གིས་ སླབ་ཨིན་པས།
རིན་པོ་ཆེའི་མངའ་འོག་ལུ་ སློབ་གྲྭ་དང་ བཤད་གྲྭ་ སྒྲུབ་གྲྭ་བཅས་ཏེ་ཡན་ལག་༡༠ དེ་ཅིག་ རྫོང་ཁག་གཞན་ཚུ་ནང་ཡོད་ཟེར་ཨིནམ་ད་ དེ་ཡང་ ཐིམ་ཕུག་རྟ་མགྲིན་གནས་དང་ བུམ་ཐང་གོང་བཀུར་དགོན་པའི་སྒྲུབ་གྲྭ་ནང་ མཚམས་པ་ཚུ་ཡོདཔ་མ་ཚད་ ལྷུན་རྩེ་ ཡ་མ་ལུང་ལུ་ མཚམས་ཁང་ཚུ་ནང་ མཚམས་བཅད་བཞུགས་མི་ཚུ་ཡོདཔ་ལས་ སྒྲུབ་གྲྭ་ཚུ་ཨིན་པས།
ཆོ་ག་གནང་ནི་འགོ་བཙུགས་ཞིནམ་ལས་ དེ་ཁར་ འོང་མི་ མི་སེར་ལ་ལོ་དད་པ་བསྐྱེད་དེ་ ཐུགས་སྨོན་གནང་པར་འོང་མི་དང་ ལས་རིམ་དེ་ལུ་བརྟེན་ ལ་ལོ་ཅིག་ གསོལཝ་ཚོགས་དྲང་མི་ ལ་ལོ་ཞལ་འདེབས་གནང་མི་ག་ར་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ སླབ་པའི་ཁར་ ལས་རིམ་དེ་ལུ་བརྟེན་ཏེ་ ད་རེས་ཀྱི་ གལ་རྐྱེན་བར་ཆད་སེལ་ ཕྱི་མའི་དོན་ལུ་ སྨོན་ལམ་བཏབ་ནི་ འདས་པའི་ཕམ་ཚུ་གི་དོན་ལུ་ སྨོན་ལམ་བཏབ་དགོཔ་སྦེ་ དྲན་བསྐུལ་འབད་ཡི་ཟེར་ཨིན་པས།
རང་གི་ལུས་ཁྲ་ཕུངམོ་ལུ་ ན་ནི་དང་ཚ་ནི་ ཤི་ནི་ཡོདཔ་ལས་ སྨོན་ལམ་བཏབ་ནི་དང་ མ་འོངས་པའི་ བུ་གཞི་ཚུ་གི་དོན་ལས་ སྨོན་ལམ་ལེགས་ཤོམ་བཏབ་དགོཔ་སྦེ་ དྲན་བསྐུལ་འབད་ཡོདཔ་བཞིན་དུ་ དད་ཅན་མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ སྨོན་ལམ་བཏབ་སྟེ་ ཕྱག་འཚལ་ སྙན་དར་ཚུ་ཕུལ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

Advertisement