༉ བང་ལ་དེཤ་གྱི་རྒྱལ་ས་ ཌ་ཀ་ལུ་ ངོ་རྒོལ་དང་ བྱ་སྤྱོད་དང་འབྲེལ་བའི་ དཀའ་ངལ་ཚུ་ལུ་བརྟེན་ བང་ལ་དེཤ་གི་ གཙུག་ལག་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་པའི་བསྒང་ཡོད་མི་ འབྲུག་པའི་སློབ་ཕྲུག་ཚུ་ གཞུང་གིས་ རྒྱལ་ཁབ་ནང་ ཉེན་སྲུང་དང་ལྡནམ་སྦེ་ ལོག་འཁྱིད་འོང་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།
ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ད་རིས་ དམིགས་བསལ་གྱི་ འབྲུག་གི་མཁའ་འགྲུལ་ཐོག་ ཌ་ཀ་ལས་ འབྲུག་པའི་སློབ་ཕྲུག་ཚུ་ འཁྱིད་འོང་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ ད་རིས་ སློབ་ཕྲུག་༥༧ རྒྱལ་ཁབ་ནང་ ལྷོད་ནི་ཨིན་པས།
ཕྱི་འབྲེལ་དང་ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གཱལ་གྱིས་ སླབ་མིའི་ནང་ ཌ་ཀ་རྒྱལ་སྤྱིའི་གནམ་གྲུ་ཐང་ལས་ འབྲུག་པའི་སློབ་ཕྲུག་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ འཁྱིད་འོང་ནིའི་དོན་ལུ་ བདེ་སྒྲིག་ཚུ་ འབད་དེ་ཡོད་ཟེར་ཨིན་པས།
སློབ་ཕྲུག་ལ་ལོ་ཅིག་གིས་ སྣུམ་འཁོར་ནང་ རྒྱ་གར་ལས་བརྒྱུད་དེ་ རྒྱལ་ཁབ་ནང་ ལྷོད་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་ ཁ་ཙ་དྲོ་པ་ རང་པུར་མི་སྡེ་བརྡ་བརྒྱུད་མཐོ་རིམ་སློབ་གྲྭ་དང་ རང་པུར་སོ་བཅོས་མཐོ་རིམ་སློབ་གྲྭའི་ སློལ་ཕྲུག་༢༥ གིས་ བང་ལ་དེཤ་དང་ རྒྱ་གར་གྱི་ས་མཚམས་བརྒལ་ཏེ་ འོང་ཡོདཔ་ཨིན་པས།
དེ་མ་ཚད་ མའི་མིན་སིང་གསོ་རིག་མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་༡༨ ཡོད་མི་ལས་༡༧ རྒྱལ་ཁབ་ནང་ ལྷོད་ཡོད་རུང་ སློབ་ཕྲུག་༡ སློབ་གྲྭའི་ཁང་མིག་ནང་ ལུས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རཆ་ཧ་ཧི་གསོ་བའི་མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་༥ ཡོད་མི་ལས་༤ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ རྒྱ་གར་གྱི་ སློབ་ཕྲུག་ཚུ་དང་གཅིག་ཁར་ རྒྱལ་ཁབ་ནང་ ལྷོད་ཡོདཔ་ཨིན་པས།
ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་དང་འཁྲིལ་བ་ཅིན་ གནས་སྟངས་ཚབས་ཆེན་སྦེ་ཡོད་པའི་ཁར་ འགྲུལ་བཀག་ལུ་བརྟེན་ སྟབས་མ་བདེ་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ འཕུར་འགྲུལ་ཚུ་ ཆ་མེད་བཏང་ནུག་ཟེར་ཨིན་པས།
ད་རེས་ བང་ལ་དེཤ་གི་ མཐོ་རིམ་སློབ་གྲྭ་ཁག་ཚུ་ནང་ འབྲུག་པའི་སློབ་ཕྲུག་༢༥༧ དེ་ཅིག་ ཤེས་ཡོན་སྦྱང་པའི་བསྒང་ཡོདཔ་ཨིན་པས།
ཌ་ཀ་ལུ་ཡོད་པའི་ འབྲུག་གི་ གཞུང་ཚབ་ཡིག་ཚང་གིས་ ད་རེས་ བང་ལ་དེཤ་ལུ་ཡོད་པའི་ འབྲུག་པའི་སློབ་ཕྲུག་ཚུ་ ཉེན་སྲུང་ཐོག་ལུ་ཡོདཔ་སྦེ་ གཏན་འཁེལ་སླབ་ཡོདཔ་བཞིན་དུ་ གཞུང་ཚབ་ཡིག་ཚང་གིས་ སློབ་གྲྭའི་ཁང་མིག་ནང་སྡོད་ནི་ལུ་ ཉེན་སྲུ་མེད་མི་ཚུ་ལུ་ སྡོད་ཁྱིམ་བརྩིས་ཏེ་ དགོས་མཁོའི་རྒྱབ་སྐྱོར་ཚུ་ བྱིན་དོ་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ མི་སྡེ་བརྡ་བརྒྱུད་ཐོག་ལས་ གཞུང་གིས་ གནས་སྟངས་ཚུ་ ལྟ་རྟོག་འབད་དོ་ཡོདཔ་མ་ཚད་ བང་ལ་དེཤ་ལུ་ཡོད་པའི་ འབྲུག་པའི་སློབ་ཕྲུག་ཚུ་གི་ ཉེན་སྲུང་དང་ ཞི་བདེའི་དོན་ལུ་ ལཱ་འབད་དོ་ཟེར་ཨིན་པས།
ཌ་ཀ་ལུ་ཡོད་པའི་ གཞུང་ཚབ་དང་ འབྲེལ་ཡོད་ལས་སྡེ་དང་གཅིག་ཁར་ འབྲུག་པའི་སློབ་ཕྲུག་ཚུ་ རྒྱལ་ཁབ་ནང་ ལོག་འཁྱིད་འོང་ནི་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།
གཞུང་ཚབ་ཡིག་ཚང་གིས་ ཌ་ཀ་ཕྱི་ཁ་ལུ་ཡོད་པའི་ སློབ་ཕྲུག་ཚུ་ སློབ་གྲྭའི་ཉལ་ཁྱིམ་ནང་ར་ སྡོད་དགོཔ་ད་ ཡིག་ཚང་ནང་ འབྲེལ་བ་འཐབ་དགོཔ་སྦེ་ སླབ་སྟེ་ཡོདཔ་བཞིན་དུ་ ཉེན་ཁ་ཡོད་མི་དང་བསྟུན་ ཌ་ཀ་ལུ་ འགྲོ་འགྲུལ་འབད་ནི་ལས་ མཛེམ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
བང་ལ་དེཤ་ལུ་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབད་མི་དེ་ཡང་ གཞུང་གཡོག་གི་ ཐོབ་དབང་ལམ་ལུགས་མེདཔ་བཟོ་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།