༉ མོང་སྒར་ ཤེལ་རི་ཆུ་དང་ ཀུར་རི་-གོང་རི་འཛོམས་སའི་བར་ན་ ཕྲང་ལམ་བསལ་ནི་དེ་ འཆར་གཞི་༡༣ པའི་ནང་ ཚུད་དེ་མེདཔ་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ སྐལ་བཟང་དབང་ཕྱུག་གིས་ དྲི་བཀོད་འབད་བའི་ ལན་གསལ་ལུ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅཱན་དར་བྷ་དུར་ གུ་རུང་གིས་ཞུ་ཡི།
འཐུས་མི་སྐལ་བཟང་དབང་ཕྱུག་གིས་ འཆར་གཞི་༡༣ པའི་ནང་ འཁོར་ལམ་མཐུད་སྦྲེལ་དང་ ལེགས་བཅོས་འབད་ནིའི་ནང་ ངང་ལམ་ལས་ དགེ་ལེགས་ཕུག་གི་ལམ་ མཐུད་སྦྲེལ་འབད་ནི་དང་ ཀུར་རི་གོང་རི་ལས་ ཤེལ་རི་ཆུའི་བར་ན་ ཕྲང་ལམ་བཟོ་སྐྲུན་ དེ་ལས་ བུམ་ཐང་ དགེ་ཟམ་ཆུ་ལས་ ལྷུན་རྩེ་ཨའུ་མཚོ་ལུ་ ཕྲང་ལམ་བཟོ་སྐྲུན་འབད་ནི་ཚུ་ འཆར་གཞི་ནང་ མ་ཚུད་པར་འདུག་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ འཁོར་ལམ་དེ་ཚུ་གིས་ རྒྱལ་ཁབ་ནང་འཁོད་ འགྲོ་འགྲུལ་གྱི་ དུས་ཡུན་མར་ཕབ་འབད་ནི་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ དཔལ་འབྱོར་གོང་འཕེལ་གཏང་ནི་ ལུང་ཕྱོགས་གོང་འཕེལ་འདྲ་མཉམ་ལུ་ ལྷན་ཐབས་འབད་ནི་ཚུགས་ཟེར་ཞུ་ཡི།
དེ་བཟུམ་སྦེ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་མི་ རྡོ་རྗེ་ལུང་གློག་མེ་ལས་འགུལ་དང་ གཱམ་རི་ཆུ་ གློག་མེ་ལས་འགུལ་ ཀུར་རི་-གོང་རི་ གློག་མེ་ལས་འགུལ་ཚུ་ནང་ བཟོ་སྐྲུན་གྱི་ཅ་ཆས་ སྐྱེལ་འདྲེན་འབད་ནི་དང་ ཤར་ཕྱོགས་རྫོང་ཁག་ཚུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ མཐུད་སྦྲེལ་འབད་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
འཆར་གཞི་༡༣ པའི་ནང་ གཙོ་རིམ་བསྒྲིག་སྟེ་ བཙུགས་དགོཔ་ད་ གལ་སྲིད་ བཙུགས་མ་ཚུགས་པ་ཅིན་ ཀུར་རི་-གོང་རི་འཛོམས་ས་ལས་ ཤེལ་རི་ཆུ་གི་ ཕྲང་ལམ་བསལ་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༡ བཏང་ཐོག་ལས་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་བཟོ་མི་དེ་ ཟད་འགྲོ་འཕྲོ་བརླག་འགྱོ་ནི་མས་ཟེར་ འཐུས་མི་ཀུན་བཟང་དབང་ཕྱུག་གིས་ཞུ་ཡི།
དེ་མ་ཚད་ ཁོ་གིས་ ལུང་ཕྱོགས་འདྲ་མཉམ་སྦེ་ གོང་འཕེལ་གཏང་ནི་ལུ་ དཀའ་ངལ་དང་ གདོང་ལེན་སྦོམ་ འབྱུང་ནི་ཨིནམ་ལས་ གཞུང་གིས་ གཙོ་རིམ་བཟུང་སྟེ་ ཕྲང་ལམ་བསལ་ནི་དེ་ འཆར་གཞི་༡༣ པའི་ནང་ བཙུགས་ཐབས་གནང་དགོ་པའི་ཞུ་ཡི།
ཤེལ་རི་ཆུ་དང་ ཀུར་རི་གོང་རི་འཛོམས་སའི་བར་ན་ ཕྲང་ལམ་ཀི་ལོ་མི་ཊར་༦༠ཡོདཔ་ད་ གལ་སྲིད་ ཕྲང་ལམ་དེ་ བསལ་ཚུགས་པ་ཅིན་ རྒྱལ་པོའི་ཞིང་ལས་ བསྐོར་འགྱོ་མ་དགོ་པར་ ཀི་ལོ་མི་ཊར་༧༠དེ་ཅིག་ ཐུང་ཀུ་འགྱོ་ནི་ཨིན་པས།
འདས་པའི་གཞུང་གིས་ ཕྲང་ལམ་བསལ་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༢-༣ ཚོད་རྩིས་བཏོན་ཏེ་ ཡོདཔ་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ ཤེལ་རི་ཆུ་ལས་ ཀུར་རི་-གོང་རི་འཛོམས་སའི་བར་ན་ ཕྲང་ལམ་བསལ་ནི་གི་ ཁ་གསལ་བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ གོང་རི་འཛོམས་ས་དང་ ཤེལ་རི་ཆུ་གཞུང་ལམ་ བསལ་ནི་དེ་ དཔལ་འབྱོར་གྱི་ཁེ་ཕན་ འོས་འབབ་མེདཔ་སྦེ་ འདུག་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་པོའི་ཞིང་ལས་ ངང་ལམ་གཞུང་ལམ་བཟུམ་སྦེ་ བྱག་གཟར་དྲགས་ཡོདཔ་ལས་ ཟད་འགྲོ་སྦོམ་གནས་ནི་མས་ བློན་པོ་གིས་ཞུ་ཡི།
གོང་རི་འཛོམས་ས་དང་ ཤེལ་རི་ཆུ་གཞུང་ལམ་གྱི་ ཁ་གསལ་བརྟག་ཞིབ་དེ་ མཇུག་བསྡུ་རུང་ གོང་གི་ལེགས་སྒྱུར་དང་ འཆར་གཞི་ལུ་བརྟེན་ ལས་འགུལ་དེ་ ད་ལྟོའི་འཆར་གཞི་ནང་ ཚུད་དེ་མེད་ཟེར་ཞུ་ནི་ཨིན།
བློན་པོ་ཅཱན་དར་བྷ་དུར་ གུ་རུང་གིས་ ཞུ་མིའི་ནང་ གོང་ལུ་བཀོད་མི་ འཁོར་ལམ་མང་ཤོས་ཅིག་ འཆར་གཞི་༡༣ པའི་ནང་ མཉམ་སྡེབ་འབད་ནི་གི་ གྲོས་བསྟུན་འབད་ཡོད་རུང་ དེ་ཚུ་ག་ར་ བཙུགས་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ འཁོར་ལམ་བསལ་ནི་དེ་ འཆར་གཞི་ནང་ མ་ཚུགས་མི་གི་ ལྷན་ཐབས་ལུ་ འཁོར་ལམ་མ་འདྲཝ་ ལེ་ཤ་ཡོདཔ་ད་ འཆར་གཞི་༡༣ པ་དེ་ ཧེ་མ་བཟུམ་སྦེ་མེན་པར་ དུམ་གྲ་ཅིག་ མ་འདྲཝ་སྦེ་ཡོད་མི་དེ་ཡང་ འཆར་གཞི་༡༣ པའི་ ལས་སྣ་དང་ དུས་ཡུན་རིངམོ་གི་ལས་སྣ་(འཆར་གཞི་༡༤ པའི་གྲོས་འཆར) གཉིས་ཆ་ར་ ཚུད་དེ་ཡོད་ཟེར་ཞུ་ཡི།
སྤྱིར་བཏང་ འཆར་གཞི་ནང་ མང་ཤོས་ར་ གོང་ལུ་བཀོད་མི་ གྲོས་འཆར་ཚུ་ བཙུགས་ཏེ་ཡོདཔ་དང་ འཆར་གཞི་༡༣ པའི་འོག་ལུ་ ལས་འགུལ་ག་ར་ གཙོ་རིམ་སྒྲིག་མ་ཚུགས་ཟེར་ཞུ་ཡི།
དེ་ཡང་ མཐུན་རྐྱེན་དང་ ལས་ཁུངས་ཀྱི་ ལག་ལེན་ལྕོགས་གྲུབ་དང་འཁྲིལ་ཏེ་ ལས་འགུལ་གཞན་ལས་ ལ་ལོ་ཅིག་ གཙོ་རིམ་བཟུང་ཡོདཔ་ད་ འཆར་གཞི་༡༣ པའི་ནང་ འཁོར་ལམ་གྱི་ གཙོ་རིམ་བསྒྲིགས་མི་དེ་ འཁོར་ལམ་གསརཔ་རྐྱབ་ནི་དང་ ཕྲང་ལམ་བསལ་ནི་ལས་ གཞུང་ལམ་དེ་ མཉམ་སྡེབ་འབད་ནི་ལུ་ བཞག་སྟེ་ཡོད་ཟེར་ བློན་པོ་གིས་ ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ ཚད་གཞི་དེ་ལུ་བརྟེན་ འཁོར་ལམ་མང་ཤོས་ཅིག་ འཆར་གཞི་༡༣ པའི་ནང་ ཚུད་དེ་མེདཔ་ད་ ཨིན་རུང་ ཡུན་རིང་འཆར་གཞི་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས།
བློན་པོ་གིས་ རྒྱུན་འགྲུལ་ཀྱི་ དུས་ཡུན་མར་ཕབ་ཀྱི་ དམིགས་ཡུལ་དེ་ ལས་འགུལ་གཞན་ ལེ་ཤ་ལག་ལེན་ཐོག་ལས་ འགྲུབ་ཚུགས་ནི་དང་ ལུང་ཕྱོགས་གོང་འཕེལ་ཚད་སྙོམས་དེ་ ཡོང་ཀོ་ལ་ལས་ གླིང་མི་ཐང་དང་ བདེ་བ་ཐང་ལས་ ངང་ལམ་ བསམ་རང་ལས་ ཇོ་མོ་གཙང་ཁ་ མཁོ་ཐག་པ་ལས་ མཚོ་བ་ལི་འཁོར་ལམ་ དེ་ལས་ འཁོར་ལམ་ལེགས་བཅོས་ལས་འགུལ་ ལེ་ཤ་ཐོག་ལས་ ངོས་ལེན་འབད་དེ་ཡོད་ཟེར་ཞུ་ཡི།
དམིགས་བསལ་གྱི་ ངང་ལམ་དང་ དགེ་ལེགས་ཕུག་གི་དོན་ལུ་ ང་བཅས་ཀྱིས་ པཱན་སྦང་དང་ ངང་ལམ་གྱི་བར་ན་ འཁོར་ལམ་ཡར་དྲག་གཏང་ནི་གི་ འཆར་གཞི་བརྩམ་ཡོདཔ་ད་ དགེ་ལེགས་ཕུག་དང་ ཏཱ་རེ་ཐང་གི་བར་ན་ མགྱོགས་ལམ་གསརཔ་ཅིག་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོད་ཟེར་ བློན་པོ་གིས་ཞུ་ཡི།
པཱན་སྦང་དང་ དགེ་ལེགས་ཕུག་ འབྲེལ་མཐུད་ཡར་དྲག་གཏང་ནིའི་དོན་ལུ་ བོགསི་ཀཱཊ་ནང་ ས་རུད་ཐོན་སའི་ ས་ཁོངས་དེ་ ལོག་རིམ་སྒྲིག་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ བློན་པོ་གིས་ཞུ་ཡི།
འཁོར་ལམ་དེ་གི་ མཐུད་སྦྲེལ་འབད་མི་ རྫོང་ཁག་ཚུ་ མཐུད་སྦྲེལ་འཁོར་ལམ་སོ་སོ་ཚུ་ ལེགས་ཤོམ་སྦེ་ཡོདཔ་ལས་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ཞུ་ནི་དང་ གོང་རི་འཛོམས་ས་དང་ཤི་རི་ཆུ་ གཞུང་ལམ་བསལ་ནི་འདི་ ཟད་འགྲོ་མངམ་གནས་ནི་དང་ ཁེ་ཕན་ཚད་ཅིག་ལས་མི་འོང་ནི་མས་ཟེར་ཞུ་ནི་ཨིན།
དགེ་ཟམ་ཆུ་དང་ ཨའུ་མཚོ་གི་ཐད་ཁར་ འཆར་གཞི་༡༣ པའི་ནང་ཚུད་ཡོདཔ་ད་ འཁོར་ལམ་གྱི་ འོས་འབབ་བརྟག་ཞིབ་འབད་ནི་དང་ གལ་སྲིད་ འོས་འབབ་ཡོད་པ་ཅིན་ བཟོ་སྐྲུན་འགོ་འདྲེན་འཐབ་འོང་ཟེར་ བློན་པོ་གིས་ ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ སྤུ་ན་ཁ་ ལོད་སྦིས་ས་དང་ ཁུ་རུ་ཐང་གི་ འཁོར་ལམ་ཡར་དྲག་གཏང་ནི་ཚུ་ འཆར་གཞི་༡༣ པའི་ གཙོ་རིམ་བར་མའི་ གྲངས་སུ་ཚུད་དེ་ཡོད་ཟེར་ཞུ་ཡི།
སྐྱེས་མཁར་-ཝི་རིང་ལ་གི་འཐུས་མི་ རྡོ་རྗེ་དབང་མོ་གིས་ ཞུ་མིའི་ནང་ ད་རེས་ རྒྱལ་ཡོངས་ཚོགས་སྡེའི་ ས་སྟོང་དང་ གུང་སྟོང་གི་སྙན་ཞུ་ནང་ གུང་སྟོང་མཐོ་ཤོས་ཅིག་ ཤར་ཕྱོགས་རྫོང་ཁག་ནང་ཡོདཔ་ལས་ གལ་སྲིད་ ཤེ་རི་ཆུ་ལས་ ཀུར་རི་གོང་རི་འཛོམས་ས་བར་ན་ ཕྲང་ལམ་ཅིག་བསལ་ཚུགས་པ་ཅིན་ གནད་དོན་ཚུ་སེལ་ཐབས་དང་ དཔལ་འབྱོར་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
ཝམ་རོང་གི་འཐུས་མི་ བླམ་རྡོ་རྗེ་གིས་ ཞུ་མིའི་ནང་ ཤེལ་རི་ཆུ་ལས་ ཀུར་རི་-གོང་རི་འཛོམས་ས་བར་ན་ ཕྲལ་ལམ་བསལ་ཚུགས་པ་ཅིན་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ དེ་ལས་ མོང་སྒོར་གྱི་ མི་སེར་ཚུ་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།
ཅཱན་དར་བྷ་དུར་ གུ་རུང་གིས་ ཞུ་མིའི་ནང་ འཆར་གཞི་༡༣ པ་དེ་ གོ་ཡངས་དྲགས་བཟོ་སྟེ་ཡོདཔ་ལས་ གལ་སྲིད་ གལ་ཅན་ཅིག་སྦེ་མཐོང་པ་ཅིན་ འཁོར་ལམ་བསལ་ནི་དེ་ འཆར་གཞི་ནང་ བཙུགས་ཐབས་འབད་ནི་གི་ འོས་འབབ་སྦོམ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།