༉ འབྲུག་རྒྱལ་ཁབ་འདི་ རྒྱལ་ཡོངས་ཆུ་གིས་ཕྱུག་པའི་ རྒྱལ་ཁབ་ཅིག་འབད་རུང་ འདི་ལུ་དགའ་བ་བསྐྱེད་དགོཔ་མེད་མི་དེ་ཡང་ ང་བཅས་མི་སྡེའི་ནང་ འཕྲོ་མཐུད་དེ་ར་ གཙང་སྦྲ་ལྡན་པའི་འཐུང་ཆུ་མེད་མི་དང་ བཀྲམ་སྤེལ་འཕྲོ་མཐུད་འབད་མ་ཚུགས་མི་དེ་ གནད་དོན་གཙོ་བོ་ཅིག་སྦེ་ ཡོད་ནི་དེ་གིས་ཨིན།
འགོ་དཔོན་ཚུ་གིས་ དཔའ་ངམ་དང་བཅས་པའི་སྒོ་ལས་ གཙང་སྦྲ་ལྡན་པའི་འཐུང་ཆུ་ཐོབ་མི་བརྒྱ་ཆ་༩༩ ཡོད་ཟེར་ གནས་ཐོའི་ནང་བཀོད་མི་དེ་ དོན་ངོ་མ་གུ་ལྷོདཔ་ད་ གནས་ཚུལ་སོ་སོ་ཅིག་སྦེ་ ཡོད་མི་དེ་ཡང་ དཀའ་ངལ་དེ་ ཐོབ་ལམ་མེདཔ་སྦེ་མེན་པར་ སྤུས་ཚད་དང་ འདྲ་མཉམ་ དེ་ལས་ དུས་རྒྱུན་བགོ་བཀྲམ་འབད་མ་ཚུགས་པར་ ལུས་མི་དེ་ཨིན་མས།
ང་བཅས་ཀྱི་ གཙང་ཆུ་དང་ རོང་ཆུ་ཚུ་ཐོགས་ཆགས་མེད་པར་ ཡོད་མི་དེ་ཡང་ གངས་རིའི་འགུ་ལུ་ ཁྱེགས་དང་ གནམ་བྱཱར་གྱི་ཆརཔ་ལུ་བརྟེན་ ས་ཆ་དེ་ བྱིན་ཆགས་ཏོག་ཏོ་ཅིག་འབད་རུང་ འདི་བཟུམ་གྱི་ ཕྱུག་སྟེ་ཡོད་པའི་བསྒང་ལས་ འབྲུག་མི་ཁྱིམ་གུང་རེ་རེ་བཞིན་གྱིས་ གཙང་སྦྲ་ལྡན་པའི་ འཐུང་ཆུའི་རིགས་ཚུ་ བར་ཆད་ག་ནི་ཡང་མེད་པར་ ཐོབ་ཚུགས་དགོཔ་ཅིག་ཨིན།
དེ་འབདཝ་ད་ མི་སྡེ་ཚུ་ནང་ལས་ཕར་ གནད་དོན་ཚུ་ལུ་བལྟ་སྟེ་ འབད་བ་ཅིན་ འཐུང་ཆུ་བཀྲམ་སྤེལ་དེ་ ལམ་ལུགས་ལེགས་ཤོམ་ཅིག་མེདཔ་སྦེ་ མཐོང་གསལ་བྱུངམ་ཨིན་མས།
འཐུང་ཆུ་བཀྲམ་སྤེལ་གྱི་ དཀའ་ངལ་ངོ་མ་དེ་ར་ བཀྲམ་སྤེལ་གཞི་རྟེན་མཁོ་ཆས་ལུ་བརྟེན་ བྱུང་དོ་ཡོདཔ་ལས་ ཁས་བླངས་དང་ འཆར་གཞི་ག་དེ་སྦེ་ བརྩམས་ཏེ་འབད་རུང་ དོན་ངོ་མ་ལུ་ ལེགས་ཆ་ཅིག་བྱུང་མ་ཚུགསཔ་སྦེ་འདུག།
མི་རློབས་ཡར་སེང་འགྱོ་མི་དང་ ལམ་ལུགས་ཚུལ་ལྡན་མེད་མི་ རྒྱུན་སྐྱོང་ལེགས་ལྡན་མེད་མི་ དེ་ལས་ མི་རློབས་དང་བསྟུན་པའི་ མཁོ་འདོད་འགྲུབ་ཐབས་ མ་འབད་མི་ཚུ་ སྲིད་དོན་དང་ ལག་ལེན་གཉིས་ལུ་ རྟགས་མཐུན་མ་ཚུགསཔ་སྦེ་ ལུསཔ་མས།
ཡིག་ཐོག་ལུ་ བཀོད་དོ་བཟུམ་འབད་བ་ཅིན་ འཐུང་ཆུའི་ཁྱབ་ཚད་ཚུ་ ག་ནི་བ་ འགྲོས་དང་ལྡནམ་སྦེ་ འཁོད་དེ་ཡོད་རུང་ ཞབས་ཏོག་གི་སྤུས་ཚད་ལུ་བལྟཝ་ད་ ཚུལ་ལྡན་ཅིག་ག་ནི་ཡང་མེདཔ་ལས་ སྤུས་ཚད་སྐྱོ་དྲག་སྦེ་ར་ཡོདཔ་པའི་ བརྡ་མཚོན་བཏོནམ་མས།
འཐུང་ཆུའི་སྐོར་གྱི་ ཉོགས་བཤད་དེ་ ཧེ་མ་ལས་ ད་ཚུན་ལུ་ གྲོང་གསེབ་ལས་འགོ་བཙུགས་ རྒྱལ་ས་ལྟེ་བ་ཚུན་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ལུས་ཏེ་ཡོདཔ་ལས་ དེ་གིས་ མིའི་ཚེ་སྲོག་ལུ་ཡང་ བར་རྐྱེན་གྱི་ཉེན་ཁ་ཡོདཔ་སྦེ་ཡང་མཐོང་མས།
གཙང་སྦྲ་འཕྲོད་བསྟེན་ ལེགས་ཤོམ་དགོ་ཟེར་བའི་ གོ་བ་བརྡ་སྤྲོད་ཚུ་ ཡང་ལས་ཡང་དུ་འབད་སར་ མཐོང་དོ་ཡོད་རུང་ དེ་གི་གནད་བཅུད་དེ་ གཙོ་བོ་གཙང་སྦྲ་ལྡན་པའི་ འཐུང་ཆུ་མེདཔ་འདྲཝ་འབད་བ་ཅིན་ ལོ་རྒྱུས་ཙམ་ཅིག་སྦེ་ ལུས་ཉེན་འདུག།
གནད་དོན་འདི་ཚུ་ ང་བཅས་ལུ་ འགྱུར་བ་འགྱོ་མ་ཚུགས་པར་ སྔར་ག་ཨིནམ་སྦེ་ར་ ལུས་ཏེ་ཡོད་པའི་ གཤིས་ཀ་ཅིག་འབདཝ་ད་ དཀའ་ངལ་འདི་ཚུ་ འཕྲལ་མགྱོགས་ར་ བསལ་ཐབས་ལུ་ ཐབས་བྱུས་ཚུ་ ཁ་དང་ལགཔ་རྟགས་མཐུནམ་སྦེ་ འབད་ནིའི་དུས་ཚོད་ ན་ཐན་ར་རན་ནུག།
ག་འཆརཔ་ཟེར་བ་ཅིན་ མི་སྡེའི་ནང་ དཀའ་ངལ་དང་ གདོང་ལེན་ཚུ་ ག་ཅི་ར་བྱུང་རུང་ འཕྲལ་དང་ གནས་སྐབས་ཅིག་གི་མཐའ་དོན་ལུ་ ཐབས་བྱུས་བཏོན་ཏེ་ ལཱ་འབདཝ་མ་གཏོགས་ ཡུན་བརྟན་ལུ་ ཕུག་བཙུན་པའི་ ཕྱག་ལཱ་མཛད་མི་ དེ་ཅིག་ར་ འཐོན་ནི་མིན་འདུག།
དེ་མ་ཚད་ རྒྱལ་ཁབ་ནང་ མི་སྡེ་ལུ་ཕན་ཐོགས་ཚུགས་པའི་ ལཱ་གི་སྤུས་ཚད་དང་ ཡུན་བརྟན་ འཆར་གཞི་ འཆར་སྣང་ཚུ་ ད་ཚུན་ལུ་ ལྟ་རྟོག་འབད་མི་ ག་ཡང་མེདཔ་ལས་ དཀའ་ངལ་དང་ གདོང་ལེན་ཚུ་ གཅིག་ཤུལ་གཉིས་སྦེ་ཐོན་མི་དེ་ གནད་དོན་འདི་ལུ་བརྟེན་ཨིནམ་ལས་ ད་ལས་ཕར་ ཡུན་བརྟན་ལུ་ར་ གཙོ་རིམ་སྒྲིག་སྟེ་འབད་བ་ཅིན་ ལེགས་ཤོམ་འོང་ནི་མས།