༉ དགའ་ས་རྫོང་ཁག་དེ་ ས་ཁ་མཐོ་ས་ལུ་ཆགས་ཡོད་པའི་གུ་ གངས་རི་གིས་ བརྒྱན་ཏེ་ཡོདཔ་མ་ཚད་ གནམ་གཤིས་གནས་སྟངས་ བསིལ་དྲགས་འབད་མིའི་ནང་ གཞིས་ཆགས་པའི་ཁར་ མཐའ་ཟུར་རྒེད་འོག་དང་ ཁ་གཏོར་ཏེ་ཡོད་པའི་ ས་ཆའི་ནང་ ད་ལྟོ་ གུང་སྟོང་ཕུད་རྡོག་གཅིག་ཡང་ མེདཔ་ཨིན་པས།
འདི་བཟུམ་གྱི་ ལོ་རྒྱུས་མཐར་འཁྱོལ་ཅན་དེ་ གནད་དོན་ཁག་ལེ་ཤ་ཅིག་ལུ་བརྟེན་ཨིན་མི་དེ་ཡང་ གཞི་རྟེན་མཁོ་ཆས་ལེགས་སྒྱུར་དང་ སྦྲེལ་མཐུད་ཡོད་མི་ དེ་ལས་ འཁོར་ལམ་མེད་པའི་གཡུས་ཚན་ཚུ་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ཚུ་ཡོད་པའི་ཁར་ འོང་འབབ་ཀྱི་ གོ་སྐབས་ཡར་སེང་སོང་མི་དང་ མི་སྡེའི་ནང་ བདེ་སྒྲིག་ལེགས་ཤོམ་ཡོད་མི་ཚུ་ལུ་བརྟེན་ཨིན་པས།
རྫོང་ཁག་དེ་ནང་ རྒེད་འོག་༤ ཡོད་མི་ཚུ་ཡང་ ཁ་སྟོད་དང་ ཁ་སྨད་ ལུང་ནག་ནང་ དེ་ལས་ ལ་ཡ་ཚུ་ཨིན་པས།
ཁ་སྟོད་རྒེད་འོག་དེ་ ཆུང་ཀུ་ཨིན་པའི་ཁར་ མི་རློབས་༥༠༠ དེ་ཅིག་མ་གཏོགས་མེད་དེ་འབད་རུང་ གུང་སྟོང་ཐོན་པའི་ སྙན་ཞུ་མེདཔ་ཨིན་པས།
ཁ་སྟོད་རྒཔོ་ འཕྲིན་ལས་དབང་འདུས་ཀྱིས་ འདི་ཚུ་གཙོ་བོ་ར་ གཞི་རྟེན་མཁོ་ཆས་ཡར་རྒྱས་དང་ མཐུན་རྐྱེན་ཐོབ་ཐབས་ཡོདཔ་ དེ་ལས་ དཔལ་འབྱོར་གྱི་གོ་སྐབས་ཚུ་ རྒེད་འོག་གནས་རིམ་ནང་ ཡོདཔ་བཟོ་ནི་དེ་གིས་ཨིན་ཟེར་ཨིན་པས།
ཤར་ཕྱོགས་ལུང་ཕྱོགས་ཚུ་ བཟུམ་སྦེ་མེན་པར་ དགའ་ས་རྫོང་ཁག་དེ་ ཐིམ་ཕུག་ལས་ དུས་ཡུན་ཆུ་ཚོད་༤ གི་ལམ་ཨིནམ་ད་ ས་གནས་ནང་སྡོད་མི་ཚུ་གིས་ དུས་རྒྱུན་གྱི་འགྲུལ་འཁོར་བཱསི་དང་ གླ་འཁོར་གྱི་ཞབས་ཏོག་མཐུན་རྐྱེན་ཚུ་ འཐོབ་ཚུགས་པའི་ཁར་ ཁོང་གིས་ སོ་ནམ་ལས་ཐོན་མི་ལུ་ ཆོག་ཤེས་འབད་དེ་ ཁོང་རའི་ཐོན་སྐྱེད་ཚུ་ལུ་ འོང་འབབ་བཟོ་མི་གིས་ འཚོ་བའི་གནས་སྟངས་ལུ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།
ལ་ཡ་བཟུམ་ཅིག་འབད་བ་ཅིན་ རྒེད་འོག་སྦོམ་ཤོས་ཨང་གཉིས་པ་ཨིནམ་ད་ དེ་ཁར་ མི་རློབས་༡,༡༠༨ ཡོདཔ་ཨིན་པས།
རྒེད་འོག་དེ་ རྒྱ་མཚོའི་མཐའ་མ་ལས་ མི་ཊར་༣,༨༠༠ གི་ས་ཁར་ ཆགས་ཏེ་ཡོདཔ་ད་ རྒེད་འོག་དེ་གིས་ བྱང་ཕྱོགས་ཁ་ཐུག་ལུ་ བོད་ཀྱི་རྒྱལ་སྤྱིའི་ས་མཚམས་དང་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།
ལ་ཡ་རྒཔོ་ཚེ་དབང་ རྫོང་ཁག་ཚོགས་འདུ་ཁྲི་འཛིན་གྱིས་ བཤད་མིའི་ནང་ ལ་ཡ་ལུ་ ཁྱིམ་སྦ་སྒོར་ཅིག་སྟོངམ་སྦེ་ ཡོད་ཟེར་ཨིནམ་ད་ ཁྱིམ་དེ་ཡང་ བཟའ་ཚང་རྒན་རྒས་གཉིས་ཀྱི་ ཨིནམ་བཞིན་དུ་ ཁོང་གཉིས་ཚེ་ལས་འདས་སོཔ་ལས་ ཁོང་གི་བུ་གཞི་ཚུ་ ཐིམ་ཕུག་ལུ་ གཞིས་ཆགས་ཏེ་ སྡོདཔ་ཨིན་ཟེར་ཨིནམ་བཞིན་དུ་ སྦ་སྒོར་དེ་ ལོག་ཉམས་བཅོས་འབད་མ་བཏུབ་ཐལ་ཡོད་རུང་ རྒེད་འོག་ནང་ ཁྱིམ་གུང་སྟོངམ་ཡོད་པའི་སྙན་ཞུ་མེད་ཟེར་ ཁོ་གིས་བཤདཔ་ཨིན་པས།
དགའ་ས་ མཐའ་ཟུར་གྱི་རྒེད་འོག་ ལུང་ནག་ནང་ལུ་ཡང་ ཁྱིམ་སྟོངམ་ཡོད་པའི་ལོ་རྒྱུས་མེདཔ་ད་ རྒེད་འོག་ནང་ མི་རློབས་༨༡༠ ཡོད་པའི་གུ་ དེ་ཁར་ སྤྱི་འོག་༥ དང་གཡུས་ཚན་༡༣ ཡོདཔ་ཨིན་པས།
ལུང་ནག་ནང་རྒེད་འོག་གི་ དམངས་མི་བགྲེསཔ་ མགོནམ་ཚེ་རིང་གིས་འབད་བ་ཅིན་ ས་གནས་ནང་ གུང་སྟོང་གཅིག་ཡང་ མེད་ཟེར་ཨིནམ་ད་ དེ་ཡང་ མི་སེར་ཚུ་ འཚོ་བའི་གནས་སྟངས་ ལེགས་ཤོམ་ཡོད་ནི་དེ་གིས་ཨིནམ་ལས་ ལོ་བསྟར་བཞིན་དུ་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་ནི་ཡོད་མི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ མ་འོངས་པའི་ནང་ དབྱར་རྩྭ་དགུན་འབུབ་ཀྱི་ གནས་སྟངས་དེ་ བསྒྱུར་བཅོས་འགྱོ་བ་ཅིན་ གནས་སྟངས་ཚུ་ཡང་ འགྱུར་བ་འགྱོ་འོང་ཟེར་ཨིནམ་ད་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ད་ལྟོ་ལས་ར་ དབྱར་རྩྭ་དགུན་འབུབ་ཀྱི་ ཐོན་སྐྱེད་ལུ་ བར་ཆད་རྐྱབ་སྟེ་ཡོད་ཟེར་ཨིནམ་ད་ མི་སྡེ་ཚུ་ལུ་ མ་འོངས་པའི་མཐའ་དོན་ལུ་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ཁ་སྨད་རྒཔོ་ དམ་ཆོས་རྡོ་རྗེ་གིས་ བཤད་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ འཕྲལ་ཁམས་ཅིག་ཁར་ གུང་སྟོང་སྐོར་ལས་ ཞིབ་དཔྱད་ཚུ་འབད་ཡོདཔ་ད་ ཁ་སྨད་རྒེད་འོག་ནང་ལུ་ཡང་ གུང་སྟོང་མེདཔ་སྦེ་ སྙན་ཞུ་ལྷོད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ

ཚེ་རིང་དབང་འདུས།

Advertisement